藏学院
 学校首页  本站首页  学科建设  教学科研  师资队伍  党建工作  组织机构  藏学研究  藏族文化  规章制度 
教学科研
教学科研
您的位置: 本站首页>教学科研>正文
སྙན་ངག་གི་གནད་དོན་འགའ་བཤད་པ།
2017-02-21 10:45 ཤེས་རབ་བསྟན་དར། 


 

སྙན་ངག་གི་གནད་དོན་འགའ་བཤད་པ།  

ཤེས་རབ་བསྟན་དར།  

   སྙན་ངག་གི་དུས་རབས་འདིར་སློབ་ཆེན་ནས་སློབ་ཆུང་བར་དང་རྒན་པ་ནས་བྱིས་པའི་བར་ལ་སྙན་ངག་འབྲི་བའི་རྦ་རླབས་ཤིག་འཕྱོ་བ་དང་འབྲེལ་སྙན་ངག་གསར་རྩོམ་དང་དར་སྤེལ་གྱི་བྱ་བར་དགའ་འོས་པའི་གྲུབ་འབྲས་ཤིག་ཐོབ་དང་འཐོབ་བཞིན་ཡོད་ཅིང་། གཞན་ལ་ངོམ་ཆོག་པའི་སྙན་ངག་འབྲི་མཁན་རེ་གཉིས་བྱུང་བ་འདི་ལ་ང་ཚོ་སྤོབས་པ་སྐྱེ་འོས། དེར་མ་ཟད་སྙན་ངག་གི་འཕེལ་རིམ་དང་མཚོན་ཐབས་སོགས་ལ་ཞིབ་འཇུག་དང་གཞན་གྱི་རྩོམ་སྟངས་སྤྱོད་མཁན་ཡང་མོད་པས་སྙན་ངག་གི་ལམ་ཁར་འཚང་ཁ་ཤིག་ཤིག་དང་རྩོད་གླེང་འུར་འུར་བྱེད་བཞིན་ཡོད། འོན་ཀྱང་ཚང་མས་རང་ལུགས་མཁྲེགས་འཛིན་མི་བྱེད་པར་ཕྱོགས་ཡོངས་ནས་ཞིབ་འཇུག་བྱས་ཏེ་བོད་ཀྱི་སྙན་ངག་འདི་འཕེལ་རིམ་གསར་བ་ཞིག་ཏུ་སླེབས་པར་བརྩོན་པ་ནི་སྙུག་ཐོགས་ཀུན་གྱི་སྤྱི་དོན་ཡིན་པས་བདག་གིས་ཀྱང་རང་ཉིད་ཀྱི་མྱོང་བ་དང་ངོས་འཛིན་གཞིར་བཞག་ནས། སྙན་ངག་གི་གནད་དོན་འགའི་ཐད་ལ་གཏམ་གླེང་ཅུང་དབུལ་འདོད་པ་ཡིན།  

གཅིག སྙན་ངག་གི་འཕེལ་རིམ།  

   སྙན་ངག་འཕེལ་བའི་ལོ་རྒྱུས་སྤྱི་བསྡོམས་བྱས་ཏེ་མ་འོངས་པའི་ཁ་ཕྱོགས་ལ་ལྟ་བ་ནི་སྙན་ངག་འཕེལ་རྒྱས་ཀྱི་སླད་དུ་ཡིན། འགྲོ་བ་མིའི་རིགས་བྱུང་ནས་རིམ་བཞིན་སྙན་ངག་དར་ན་ཡང་སྙན་ངག་གི་འཕེལ་རིམ་གྱི་རྣམ་གཞག་ནི་འཛམ་གླིང་གི་མི་རིགས་གང་ལ་མཚོན་ནའང་ཅུང་དར་འཕྱི་བར་བཤད། བོད་ལ་མཚོན་ན་བཀས་བཅད་གསུམ་དང་རིག་གནས་སྔ་དར་དང་། བར་དར། ཕྱི་དར་གྱི་ལོ་རྒྱུས་དེ་རྩོམ་རིག་འཕེལ་རིམ་དབྱེ་སྟངས་ཤིག་ཏུ་ངོས་འཛིན་ཆོག་པས་འདིའི་སྟེང་ནས་བོད་ཀྱི་རྩོམ་རིག་གམ་སྙན་ངག་གི་འཕེལ་རིམ་ལ་བསམ་བློ་གཏོང་དགོས་པ་རེད་སྙམ། དེ་ཡང་འགའ་རེས་དབྱིན་ཇིའི་དབྱེ་ལེ་ཧྲ་པེ་དུས་ཀྱི་རྩོམ་རིག་དང་། ཊམ་མུའུ་ཁྲི་ལོ་དང་བོའི་དུས་ཀྱི་རྩོམ་རིག ཝེ་ཏོ་ལི་ཡའི་དུས་ཀྱི་རྩོམ་རིག་ཅེས་སྲིད་ཀྱི་འཕོ་འགྱུར་ལས་རྩོམ་རིག་གི་འཕེལ་རིམ་འཇོག་པ་འདིར་མིག་དཔེ་བྱས་ཏེ་བཙན་པོའི་སྐབས་ཀྱི་རྩོམ་རིག་དང་ཐོར་བུའི་སྐབས་ཀྱི་རྩོམ་རིག་ས་སྐྱའི་སྐབས་ཀྱི་རྩོམ་རིག་ཅེས་རྒྱལ་རབས་ཀྱི་འཕེལ་རིམ་དང་བསྟུན་འདུག་ལ། ལ་ལས་རྒྱ་ནག་གི"གནའ་རབས་རྩོམ་རིག""ཉེ་རབས་རྩོམ་རིག""དེང་རབས་རྩོམ་རིག"ཅེས་པའི་འཇོག་སྲོལ་ལ་བརྟེན་ནས་བཤད་ན་ཡང་། དེ་དག་གི་དབྱེ་མཚམས་ཀྱི་ཐད་ལ་རྟ་མོག་མོག་གི་སྤུ་ལྟར་བཞེད་པ་མི་མཐུན་པ་གང་མང་བྱུང་ཡོད། འོན་ཀྱང་རྒྱལ་རབས་དང་ཆབ་སྲིད་ལ་འཕོ་འགྱུར་བྱུང་ཡང་རྩོམ་རིག་ལ་འཕོ་འགྱུར་འབྱུང་བའི་ངེས་པ་མེད་ལ་གནའ་རབས་དང་དེང་རབས་ཞེས་པའི་དབྱེ་སྟངས་འདི་ཡང་བོད་ལ་མཚོན་ན་ཆེས་ཆེ་བའི་ཀླན་ཀ་ཞིག་གི་སྒོ་མོ་ཡིན་ཞིང་མི་རིགས་ཀྱི་ཁྱད་ཆོས་ཀྱང་ཅི་ཡང་མེད་ཕྱིར་གཉིས་ཀ་འཐད་པ་མིན་ནོ། །  

   དེས་ན་བོད་ཀྱི་རྩོམ་རིག་གི་འཕེལ་རིམ་ནི་རྩོམ་གཤིས་དང་ལོ་རྒྱུས་གཉིས་ཟུང་དུ་སྦྲེལ་ནས་འཇོག་འོས་ཤིང་འཚམ་པར་འདོད། དེ་ལས་སྤྱི་ཚོགས་འཕེལ་རིམ་ལ་བལྟས་ན་རྩོམ་རིག་གི་འཕེལ་རིམ་ནི་ཐད་ཀར་བསྟན་པའི་འཕེལ་རིམ་དང་འབྲེལ་ཡོད། དེ་ཡང་ལོ་རྒྱུས་ཀྱི་འཕོ་འགྱུར་ལས་བསྟན་པ་ལྟར་དུས་རབས་རིམ་བྱུང་ནང་དུ་བོད་ཀྱི་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་མཁན་བོད་ཀྱི་ཤེས་རིག་གི་འབྱུང་ཁུངས་ཞེས་གྲགས་པའི་དགོན་སྡེ་ཁག་གི་བཙུན་པ་དང་ཆོས་ལུགས་པ་དག་ཡིན་པས་རིག་གནས་ཀྱི་དར་རྒུད་ ཀྱང་བསྟན་པའི་རྗེས་སུ་འགྲོ་བ་དེའི་ཕྱིར་རྩོམ་རིག་གི་འཕེལ་རིམ་ཡང་བསྟན་པའི་འཕེལ་རིམ་ལས་གླེང་དགོས་པ་བཤོལ་ཐབས་མེད་པ་ཞིག་རེད། ཚང་མས་ཤེས་གསལ་བཞིན་ སྙན་ངག་དར་རྒྱས་ཆེ་མིན་གྱི་གནད་དེ་རིག་གནས་དང་འབྲེལ་ཡོད་པ་སྨོས་མ་དགོས།  འོན་ཀྱང་བསྟན་པའི་འཕེལ་རིམ་ལ་བསྐྱར་དུ་བསམ་བློ་གཏོང་དགོས་པ་རེད་དེ། སྔོན་བྱོན་མཁས་པས་སྔ་དར་ཕྱི་དར་ཞེས་བསྟན་པའི་འཕེལ་རིམ་བཞག་པ་དེ་སྤྱིར་དགེ་མཚན་ཆེ་ཞིང་སྐབས་དེར་བསྟུན་ན་གནད་དུ་ཁེལ་བའི་བསྡོམས་ཚིག་ཅིག་ཡིན་ནའང་། ད་ལྟའི་དུས་འདིར་འདས་པའི་ལོ་རྒྱུས་ལ་ཕྱིར་དྲན་ཞིག་བྱས་ན"ཕྱི་དར"ཞེས་པ"བར་དར"དུ་བསྒྱུར་ནས་རིག་གསར་རྗེས་ཀྱི་ཏང་གི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པ་ནས་བསྟན་པ་ཕྱི་དར་གྱི་དབུ་ཚུགས་པར་འཇོག་འོས། འདི་ལྟར་ན་སྲོལ་རྒྱུན་གྱི་རྨང་གཞི་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད། རྩོམ་སྟངས་དང་རྩོམ་གཤིས། བརྗོད་བྱའི་ཁྱབ་ཁོངས་སོགས་ནས་ཀྱང་བོད་ཀྱི་རྩོམ་རིག་གི་འགྱུར་ལྡོག་གམ་འཕེལ་རིམ་ཕལ་ཆེར་གནད་དེར་འབབ་པས་དགེ་མཚན་ཆེ་སྙམ།  

   དེས་ན་སྙན་ངག་སྔ་དར་ནི་སྲོང་བཙན་སྒམ་པོ་ནས་བཟུང་བོད་ལ་ཡིག་ཐོག་གི་ སྙན་ངག་བྱུང་བ་ནས་གླང་དར་གྱིས་བསྟན་པ་བསྣུབས་པའི་བར་ཡིན། འོན་ཀྱང་སྙན་ངག་དམངས་ཁྲོད་ནས་དར་ཏེ་སྙུག་ཐོགས་པར་དབང་བའི་གཏན་ཚིགས་དེ་ལས་འགྲོ་བ་མིའི་རིགས་བྱུང་བ་ནས་སྲོང་བཙན་བར་དུ་ངག་ཐོག་གི་སྙན་ངག་དར་ཡོད་ནའང་འདིར་ཡིག་ཐོག་གི་སྙན་ངག་གཙོ་བོར་བཞག་སྟེ་གླེང་བ་ཡིན། དེ་ཡང་སྲོང་བཙན་གྱི་བསྟོད་པ་ དང་རྡོ་རིང་ཡི་གེ ཀ་འཁོལ་མ། མ་ཎི་བཀའ་འབུམ། བཀའ་ཐང་སྡེ་ལྔ། པད་མ་བཀའ་ ཐང་། བཻ་རོའི་འདྲ་འབག་ཆེན་མོ། མཚོ་རྒྱལ་རྣམ་ཐར། ཏུན་ཧོང་གཏེར་ཡིག་སོགས་ལས་བྱུང་བའི་སྙན་ངག་དེ་དག་ལས་སྔ་དར་སྙན་ངག་ལ་གདེང་འཇོག་བྱེད་ཆོག་ཅིང་། སྙན་ངག་བར་དར་ནི་བསྟན་པ་ཕྱི་དར་ནས་རིག་གནས་གསར་བརྗེའི་བར་དུ་འཇོག་དགོས་པ་རེད། འོན་ཀྱང་བོད་ཀྱི་སྙན་ངག་གི་འཕེལ་རིམ་ལ་ཞིབ་འཇུག་བྱེད་མཁན་འགའ་རེས་མེ་ལོང་མ་བོད་དུ་བསྒྱུར་བ་ནས་སྙན་ངག་གི་འཕེལ་རིམ་ཞིག་ཏུ་ངོས་འཛིན་དགོས་པའི་ གླེང་བརྗོད་བྱས་ཡོད་ནའང་འཕེལ་རིམ་གྱི་སྟེང་ནས་བལྟས་ན་དེ་ནི་བར་དར་གྱི་དཀྱོགས་མཚམས་ཤིག་ལས་མ་འདས་ཤིང་རྣམ་པའི་སྟེང་ནས་མེ་ལོང་མ་བསྒྱུར་པ་ནས་རིམ་བཞིན་མེ་ལོང་མའི་ཤན་ཞུགས་པ་ལས་གློ་བུར་དུ་ཤྭ་འོད་རྒྱས་པ་ལྟ་བུ་ཞིག་མིན་པ་དེའི་ཕྱིར་དེ་ནི་བར་དར་ལ་གསར་རྙིང་གཉིས་ཕྱེ་བའི་དུས་མཚམས་སུ་བཤད་ན་ལེགས་སྙམ། ཕྱི་དར་ནི་རིག་གསར་གྱི་རྗེས་ལ་བཞག་ན་རྣམ་པ་དང་རྩོམ་སྲོལ། མཚོན་ཐབས་བཅས་ཕྱོགས་གང་ཐད་ནས་འཕེལ་རྒྱས་གསར་བ་ཞིག་གི་སྒོ་མོ་ཕྱེ་བ་འདིས་མཚོན་ཏེ་དགོས་པ་བྱུང་ན་ཕྱི་དར་ལའང་གསར་རྙིང་གཉིས་སུ་དབྱེ་ཆོག་གོ །  

གཉིས། སྙན་ངག་གི་དགོས་པ།  

   སྙན་ངག་འབྲི་མཁན་ཞིག་གམ་སྙན་ངག་གི་གཞུང་ལུགས་འཆད་སྤེལ་བྱེད་མཁན་ཞིག་ཡིན་རུང་། ཐོག་མར་སྙན་ངག་གི་དགོས་པ་ཤེས་པ་ནི་སྙན་ངག་གི་བྱ་བའི་དོན་སྙིང་གལ་ཆེན་ཞིག་ཡིན། སྙན་ངག་འབྲི་བའི་ལས་དང་བོ་བ་ཞིག་ལ་མཚོན་ན་སྙན་ངག་གི་དགོས་པ་ནི་མིང་གྲགས་དང་ཁེ་ཕན་ལ་འབྲེལ་ཡོད་པར་འདོད་ཅིང་འདི་ནི་སྙན་ངག་ལ་དོ་སྣང་མེད་པའམ་རྒྱུས་ལོན་བྱས་མེད་པ་དག་གི་ཡོངས་ཁྱབ་ཀྱི་ལྟ་ཚུལ་ཞིག་ཀྱང་རེད།  འོན་ཀྱང་འདི་ལྟ་བུའི་བསམ་བློ་ལས་ཐོད་བརྒལ་མེད་ན་དེ་ནི་ཚད་ངེས་ཅན་ཞིག་མེན་པའི་མཚོན་རྟགས་ཡིན། འོ་ན། སྙན་ངག་གི་དགོས་པ་གང་ཞེ་ན། དེ་ནི་གཞན་དོན་གྱི་དགོས་པ་ཡིན་ལ་གཞན་དོན་དེའང་ཐད་ཀར་ཀློག་པ་བོ་དང་འབྲེལ་ཡོད་པས་རྩོམ་པ་བོའི་རང་གི་ཚོར་ འདུ་དང་ཕུགས་འདུན་སྙན་ངག་གི་བཅུད་དུ་བཟུང་ནས་ཀློག་པ་བོར་ཞབས་ཞུའམ་སྤྲོ་ སྐྱིད་དང་བདེ་ཐང་། བསམ་པའི་གོ་རྟོགས་སོགས་ལ་ཕན་ནུས་ངེས་ཅན་ཞིག་ལྡན་ཞིང་འགྲོ་བ་མིའི་རིགས་ཀྱི་ཞི་བདེ་དང་གཞི་རྩའི་ཁེ་ཕན་ལ་ཞབས་ཞུ་དང་རམ་འདེགས་བྱེད་པ། མིའི་རིགས་དང་འགྲོ་བ་ལེགས་ལམ་དུ་འཁྲིད་པའམ་གོ་རྟོགས་སད་པར་བྱེད་པ་དེ་ནི་སྤྱིའི་དགོས་པ་ཡིན་ལ། བྱེ་བྲག་ཏུ་བཤད་ན་མི་རིགས་ཤིག་གམ་དེའི་སྤྱི་བྱེ་བྲག་གམ་ཡང་ན་ཁྱབ་ཁོངས་ཆུང་ངུ་ཞིག་ལ་ཕན་ནུས་ངེས་ཅན་ཞིག་འདོན་དགོས་པ་ཡིན། འོན་ཀྱང་སྙན་ངག་མཁན་པོ་རྣམས་ལའང་མཆོག་དམན་གྱི་ལྟ་བ་སྣ་ཚོགས་ཤིག་ཡོད་པ་བཞིན་ གཞན་དོན་དུ་བྲིས་པའི་སྙན་ངག་ལའང་མཆོག་དམན་ཡོད་དེ་དཔལ་འབྱོར་དང་། རིག་གནས། ཆབ་སྲིད། ཆོས་ལུགས། དམག་འཁྲུག འཆལ་སྤྱོད། བསླུ་བྲིད་སོགས་སྣ་ཚོགས་ཀྱི་ཆེད་དུ་བྲིས་པ་ཡོད་ལ་ཐ་ན་སྨྲེང་བ་གསོ་བ་དང་ག་ཞ་འབྱིན་པ། སྐྲག་སྣང་བསྐུར་བ་སོགས་ཀྱི་ཆེད་དུ་བྲིས་པའང་ཡོད་མོད་ཀྱང་། གོང་དུ་བཤད་པ་ལྟར་འགྲོ་བ་མིའི་རིགས་ཀྱི་ཁེ་ཕན་ལ་ཞབས་ཞུ་བསྒྲུབ་ཐུབ་པ་ཞིག་ཡིན་ཚེ་སྙན་ངག་བཟང་ཤོས་སུ་བརྩི་ཆོག མདོར་ན། སྙན་ངག་གི་དགོས་པ་ནི་འགྲོ་བ་མིའི་རིགས་ལ་ཞབས་ཞུ་དང་རམ་འདེགས་བསྒྲུབ་པ་དེ་ཡིན་པས་སྙན་ངག་མཁན་པོ་རང་གི་བརྩེ་དུང་དང་དགའ་སྐྱོ་ཁོ་ན་བརྗོད་པའི་སྙན་ངག་དེ་ཡང་རང་དོན་དུ་བྲིས་པ་མིན་པས་གཞན་དོན་གྱི་དགོས་པ་དེ་ཡོངས་སུ་ཚང་ངེས། འོན་ཀྱང་། སྙན་ངག་གི་དགོས་པ་ནི་རྩོམ་པ་བོ་རང་གི་ཞབས་ཞུ་སྒྲུབ་བྱེད་མིན་པས་ཀློག་པ་བོའི་དོན་དུ་བྲིས་པའི་སྙན་ངག་ཅིག་ཡིན་ཕྱིན་ཀློག་པ་བོའི་ཤེས་ཚོར་གྱི་སྤྱོད་ཡུལ་དུ་སྨིན་དགོས་སྟབས་རང་ཉིད་མ་གཏོགས་མི་གོ་བའི་སྙན་ངག་དེས་ཀློག་པ་བོ་དང་འབྲེལ་བའི་རྨང་གཞི་བསྐྲུན་མི་ཐུབ་པས་སྙན་ངག་གི་དགོས་པ་ཡོངས་སུ་མི་ཚང་ཞིང་ སྙན་ངག་གི་དགོས་པ་གཙོ་བོར་བྱེད་ན་གསལ་ཁ་ལྡནཔའམ་ཀློག་པ་བོའི་འགྲེལ་བརྗོད་ ཐུབ་པ་ཞིག་ངེས་ཅན་དུ་དགོས་ཀྱང་ཡོད་ཚད་ཀློག་པ་བོར་བསྟུན་ན་སྙན་ངག་ལ་དོན་སྙིང་ངམ་འཕོ་འགྱུར་གསར་བ་ཞིག་འབྱུང་བའི་ངེས་པ་མེད། རྣམ་རྟོག་གི་འཕྲོ་འདུ་ལས་བརྗོད་པའི་སྙན་ངག་དང་བསྡུས་བརྗོད་ཀྱི་སྙན་ངག སྒྱུ་འཕྲུལ་གྱི་སྙན་ངག་སོགས་ཀྱང་ རང་གི་ཁྱད་ཆོས་ཀྱི་ཟུར་དང་ཉམས། དངོས་ཤུགས་གང་རུང་གི་ལམ་ནས་གོ་ཐུབ་ཅིང་སེམས་ལ་བག་ཆགས་འཇོག་ཐུབ་པ་ཡིན་དགོས། དེའི་ཕྱིར་གཞན་གྱི་སྙན་ངག་བཅོས་མ་བསྒྱུར་གྱིས་ངོམ་པ་ནི་སྙན་ངག་གི་དགོས་པ་མ་ཤེས་པའམ་ཡང་ན་ལས་དང་བོ་བ་ཞིག་ལས་མ་འདས། སྙན་ངག་པ་ཞིག་ལ་མཚོན་ན་སྙན་ངག་གི་དགོས་པ་ལ་བསམ་བློ་བཏང་སྟེ་སྙན་ངག་དང་ཀློག་པ་བོའི་འབྲེལ་བ་ཇེ་ཟབ་ཏུ་བཏང་ན་སྙན་ངག་གི་དགོས་པ་ཡོངས་སུ་སྨིན་ཐུབ་པ་ལས་ཧ་ཅང་ཁ་དམ་པར་བྲིས་ན་འབྲེལ་བ་དེར་ཕོག་ཐུག་གཏོང་སྲིད་པར་སྙམ།  

གསུམ། སྙན་ངག་གི་གཞུང་ལུགས།  

   ཚང་མས་ཤེས་གསལ་བཞིན་གཞུང་ལུགས་ནི་ལག་ལེན་གྱི་བསྡོམས་ཚིག་ཡིན་ལ་སྙན་ངག་ཀྱང་དེ་ལས་མ་འདས། ལོ་རྒྱུས་ལས་བལྟས་ན་སྙན་ངག་ཀྱང་ཐོག་མར་དམངས་ཁྲོད་ནས་དར་བས་དམངས་ཁྲོད་རྩོམ་རིག་ལས་ལྷག་པའི་ཁྱད་ཆོས་ཤིག་མི་དགོས་པ་འདྲ་སྟེ་ཨ་མདོའི་ཁ་མཚར་རམ་བཏགས་པ། དབུས་གཙང་གི་གཞས་སོགས་མང་བོ་ཞིག་སྙན་ངག་ལས་འཕུད་ཐབས་མེད། རྒྱུ་མཚན་དེ་ལས་སྙན་ངག་གཞུང་ལུགས་གཏན་ལ་འབེབ་དུས་ངེས་པར་དུ་དམངས་ཁྲོད་སྙན་ངག་ལ་ཞིབ་འཇུག་བྱེད་དགོས་ཤིང་། སྔ་དར་དང་བར་དར་རྙིང་མའང་རྒྱུས་ལོན་བྱེད་དགོས། སྤྱིར་ལག་ལེན་ལས་གཞུང་ལུགས་བྱུང་བ་ཡིན་ཞིང་། གཞུང་ལུགས་ཀྱིས་ལག་ལེན་ལ་ནུས་པ་རླབས་པོ་ཆེ་འདོན་སྲིད། ཡིན་ནའང་ལག་ལེན་ལ་དར་རྒྱས་བྱུང་བ་དང་བསྟུན་ནས་གཞུང་ལུགས་ཀྱང་དར་རྒྱས་སུ་གཏོང་དགོས། དེའི་སྟེང་ནས་བཤད་ན་མི་རིགས་ དེའི་གཞུང་ལུགས་གཏན་ལ་འབེབ་དུས། མི་རིགས་དེའི་ལག་ལེན་གྱི་སྟེང་ནས་གཏན་ལ་འབེབ་དགོས་པ་སྨོས་མ་དགོས། དེའི་ཕྱིར་བོད་ཀྱི་སྙན་ངག་གི་ལག་ལེན་ལ་སུ་ཞིག་གིས་ཀྱང་བསྡོམས་ཚིག་མ་བཞག་པར་བར་སྐབས་ནས་མེ་ལོང་མ་ནང་འདྲེན་བྱས་ཏེ་བོད་ཀྱི་སྙན་ངག་གི་གཞུང་ལུགས་དབང་བསྐུར་ཅིང་དེ་ལས་བཀྲ་ཤིས་པའི་སྐྱ་རེངས་ཤིག་ཤར་མོད་ཀྱི། མི་རིགས་རང་གི་རྩོམ་རིག་དང་དེའི་སྔའི་ལག་ལེན་དང་མྱོང་བ་ཡོད་ཚད་སྣང་མེད་དུ་བཞག་པས་མི་རིགས་ཀྱི་རང་བཞིན་ལྡན་པའི་སྙན་ངག་ཅུང་ཉམས་པ་རེད། ལྷག་པར་བོད་ཀྱི་སྙན་ངག་པ་མང་བོས་མ་བགྲོས་གཅིག་མཐུན་ལྟར་མེ་ལོང་མ་ཇི་བཞིན་བོད་ལ་སྦྱར་དུ་མེད་ཅིང་། སྔོན་བྱོན་མཁས་པ་དག་གིས་ཀྱང་རྒྱ་གར་བས་གང་བཤད་མཐའ་གཅིག་ཏུ་བདེན་པར་བཟུང་མེད་མོད། ང་ཚོས་གཞུང་ལུགས་ལག་ལེན་གྱི་བསྡོམས་ཚིག་ཡིན་པ་དེའི་སྟེང་ནས་མེ་ལོང་མས་བོད་ཀྱི་སྙན་གཞུང་གི་ཚབ་བྱེད་ཐུབ་མིན་གསལ་བོར་ཤེས་པ་མ་ཟད། བཅད་ལྷུག་སྤེལ་མ་གང་རུང་མ་ཡིན་པའི་རྩོམ་ལུས་ཕུང་གསུམ་པ་དེ་བོར་བའི་རྒྱུ་རྐྱེན་ཡང་ཤེས་ཐུབ། ཡིན་ན་ཡང་། སྙན་ངག་མེ་ལོང་མས་བོད་ཀྱི་རྩོམ་རིག་ལ་བྱས་རྗེས་ཆེན་པོ་བཞག་པ་དང་དེ་བོད་རང་གི་གཞུང་ལུགས་ལྟར་གྱུར་པ་དེ་ཁས་མི་ལེན་ག་མེད་ཡིན། འདི་ལྟར་བཤད་པ་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་གསལ་བའི་སྙན་ངག་ཅིག་འབྱུང་བར་རེ་བ་བྱེད་པ་དེ་ཡིན། དེའི་ཕྱིར། ན་གཞོན་སྐོར་ཞིག་གིས་མེ་ལོང་མས་བོད་ཀྱི་སྙན་གཞུང་ལ་ངོ་རྒོལ་བྱེད་པ་གནས་ལུགས་ཅུང་ཟད་རེ་ལྡན་མོད། དེ་དག་ལའང་ཕྱིན་ཅི་ལོག་ཏུ་འགྲོ་ངེས་པའི་ལམ་ལོག་ཅིག་ཡོད་པ་དེང་གི་དཔྱད་རྩོམ་དག་བཀླགས་པས་ཤེས་ཐུབ། གང་ཞེ་ན། དེ་དག་ གིས་མེ་ལོང་མའི་འཕྲིན་ལས་མཇུག་བསྡུས་པ་དང་མཉམ་དུ་བོད་ཀྱི་རྩོམ་རིག་གམ་སྙན་གཞུང་གི་ཚབ་ཏུ་ཕྱི་གླིང་བའམ་མི་རིགས་གཞན་པའི་གཞུང་ལུགས་ཤིག་ནང་འདྲེན་བྱེད་འདོད་པ་དེ་རེད། དེ་ཡང་མེ་ལོང་མ་ནང་འདྲེན་བྱས་པ་དང་འདྲ་བར་ནམ་ཞིག་ངོ་རྒོལ་བྱ་ཡུལ་ཏུ་འགྱུར་ངེས། བོད་ཀྱི་སྙན་ངག་གི་ལག་ལེན་ལས་གཏན་ལ་མ་ཕབ་པའི་གནད་དེར་ཐུག་པའི་རྒྱུ་མཚན་གྱིས་ཡིན་ནོ། །ད་ལྟ་རྒན་རབས་རྣམས་ལ་རྒྱ་གར་གྱི་ལུང་མེད་ན་མཁས་པར་མི་བརྩི་བ་བཞིན་གཞོན་རབས་མང་བོ་ཞིག་ལ་ཕྱི་གླིང་བའམ་མི་རིགས་གཞན་པའི་ལུང་མེད་ན་རྩོམ་རིག་དཔྱད་བརྗོད་པར་མི་བརྩི་བའི་སྲོལ་ངན་ཞིག་ཆགས་འདུག དེའི་རྐྱེན་གྱིས་ན་གཞོན་དག་གིས་ཕྱི་གླིང་བའི་རྩོམ་རིག་དང་སྙན་ངག་ལ་རྔམ་པ་དང་རྩོམ་སྒྲིག་པ་མང་བོ་ཞིག་གིས་རྩོམ་ཡིག་བསྡུ་བའི་ཚད་གཞི་ཡང་མི་རིགས་གཞན་པའི་སྲོལ་ག་བཞིན་བྱེད་པ་མཐོང་ངོ་། །ང་ཚོས་ཁ་ནས་ལེགས་ཆ་བསྡུ་བ་ཞེས་གླེང་བཞིན་ཡོད་ནའང་མི་རིགས་རང་གི་ཁྱད་ཆོས་དང་རྣམ་པ་མ་ངེས་ན་ལེགས་ཆ་བསྡུ་བ་ཞེས་པའང་མིང་ཙམ་ལས་དོན་དུ་བླང་དོར་མེད་པའི་ཧབ་ཐོབ་ཅིག་ཡིན་ལ། དེ་ནི་མི་རིགས་ཀྱི་ཁྱད་ཆོས་རློག་པའི་རྒྱུ་རྐྱེན་ཉག་གཅིག་དང་། སླར་ཡང་ཕམ་ཁ་འབྱུང་པའི་སྒོ་མོ་ཞིག་ལས་སྙན་ངག་གམ་དེའི་གཞུང་ལུགས་ཚད་ལྡན་ཞིག་འབྱུང་བའི་ཐབས་ལམ་གཏན་ནས་མིན།  

   ང་ཚོས་སྙན་ངག་གི་གཞུང་ལུགས་ལ་སླར་ཡང་བསམ་བློ་གཏོང་དུས། སྔོན་ཆད་གཞན་གྱི་ཡིད་ལ་མ་ཤར་བ། །འདི་འདྲ་གང་གིས་ཤེས་དེ་བློ་གྲོས་ལྡན། །ཞེས་སྙན་ངག་སྨྲ་བ་ས་པཎ་གྱིས་གསུངས་པའི་གཏམ་འདི་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཚོལ་བའི་མིག་ཟུང་དུ་འཛིན་འོས། དེས་ན་བོད་ཀྱི་སྙན་ངག་གི་གཞུང་ནི་སྔོན་གྱི་རྨང་གཞིའི་ལག་ལེན་དང་ད་ལྟའི་གསར་བཏོད་ཀྱི་ལག་ལེན་ཡོད་ཚད་ཕྱོགས་བསྡོམས་བྱས་ཏེ་ཞར་དང་ཞོར་ལ་མི་རིགས་གཞན་པའི་གཞུང་ལུགས་ལའང་ཟུར་ལྟ་དང་ལེགས་ཆའི་བཅུད་ལེན་བྱ་དགོས་ཏེ་གཞན་ལ་ངོམ་ཆོག་པའི་གཞུང་ལུགས་ཤིག་གཏན་ལ་འབེབ་ན་གཙོ་བོ་རང་གི་ཐབས་རྩལ་ལ་བརྟེན་པ་ལས་ཅི། འོན་ཀྱང་། ལག་ལེན་ལ་དར་རྒྱས་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མེད་ན་གཞུང་ལུགས་ཀྱང་དེ་ལས་མ་འདས་པས་ང་ཚོས་ལག་ལེན་ལ་དོ་སྣང་བྱེད་དགོས་ཤིང་།  ལྷག་པར་དུ་ད་ལྟའི་གཞོན་ནུ་རྣམས་ལད་མོར་གོམས་པའི་གཤིས་ཀ་འདི་བསྒྱུར་ཏེ་མི་རིགས་ཀྱི་རང་བཞིན་ལྡན་པའི་གསར་བཏོད་དང་ཐབས་ལམ་བརྒྱུད་ནས་ལག་ལེན་ཐུན་མོང་མ་ཡིན་པ་གཞན་ལ་ངོ་གནོང་མི་དགོས་པ་ཞིག་འབྱུང་རྒྱུ་ནི་སྙན་གཞུང་ཐུན་མོང་མ་ཡིན་པ་ཞིག་འབྱུང་བའི་སྔོན་འགྲོ་དམ་པ་ཡིན། དེས་ན་གཞུང་ལུགས་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ཚེ་གཞན་གྱི་གཞུང་ལུགས་ལས་ཉི་མ་གཏོང་བ་ཤིན་ཏུ་མི་འོས་སྙམ།  

བཞི། སྙན་ངག་གི་དོན་དངོས་རྨང་གཞི།  

   སྙན་ངག་གི་འབྱུང་ཁུངས་ནི་རྩོམ་པ་བོའི་བསམ་གཞིག་དང་བརྩེ་དུང་ཡིན། གལ་ཏེ་བསམ་གཞིག་དང་བརྩེ་དུང་མེད་པར་ཕྱི་རོལ་གྱི་འཚོ་བ་ཁོ་ནས་སྙན་ངག་བསྐྱེད་མི་ཐུབ། སྙན་ངག་ནི་རྩོམ་རིག་གི་ཉིང་བཅུད་ཡིན་པས་སྙན་ངག་ཚད་ལྡན་ཞིག་འབྲི་ན་སྒྲུང་གཏམ་མཁན་པོ་བཞིན་དོན་དངོས་ལ་རྒྱུས་ལོན་དགོས་ཤིང་དོན་དངོས་ཀྱི་རྨང་གཞི་མེད་པའི་སྙན་ངག་ནི་བཅོས་མའི་མེ་ཏོག་གི་སྒེག་ཉམས་ལས་མ་འདས། དེས་ན་དོན་དངོས་རྨང་གཞི་ནི་ཕྱིའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཁོ་ནར་གོ་མི་རུང་སྟེ་ནང་སེམས་ཀྱི་འགྱུར་བའི་སྣང་ཚུལ་ཡང་དོན་དངོས་ཀྱི་རྨང་གཞི་ཡིན། 生活基础ཞེས་པའང་དོན་དངོས་ཀྱི་རྨང་གཞིར་བསྒྱུར་ན་འོས་སྙམ། འོན་ཀྱང་། སྙན་ངག་ལས་བརྗོད་པ་ཐམས་ཅད་དོན་དངོས་ཡིན་མི་དགོས་ཏེ་ཀློག་པ་བོར་དོན་དངོས་ཀྱི་ཚོར་སྣང་བསྟེར་ཐུབ་ན་དེ་ནི་དོན་དངོས་ཀྱི་རྨང་གཞི་ལྡན་པས་ཡིན།  

   དེ་ཡང་སྙན་ཞིང་འཇེབས་པའི་ངག་གི་དབྱངས་རྟ་དང་། ཡིད་ལ་ཟུག་རྔུ་སྟེར་བའི་ཚིག་གི་མཚོན་ཆ། མི་ཟད་སྐྱོ་བ་སློང་བའི་ངག་གི་གླུ་དབྱངས་ལྟ་བུའི་སྙན་ངག་རིགས་ཀྱང་རང་རང་གི་ནུས་པའམ་བྱེད་ལས་གཙོ་བོ་དེ་དོན་དངོས་ཀྱི་རྨང་གཞི་དང་འབྲེལ་ཡོད།  དཔེར་ན། རྗེ་བླ་མའི་གཤིན་རྗེའི་བསྟོད་པ་བརྐྱངས་སྐུམ་མ་ལས་ཚིག་གི་འགྲོས་དང་བསྟུན་ནས་འཇིགས་སུ་རུང་བའི་སྣང་བ་ཞིག་སྐྱེ་ལ། ས་པཎ་གྱི་ཐུགས་རྗེའི་གནད་བསྐུལ་ལས་གུ་ཐུག་ཅིང་ལྡོག་ཏུ་མེད་པའི་བརྩེ་དུང་དང་རེ་སྨོན་ཞིག་སྐྱེ་ཞིང་རང་གི་བློ་ངོར་ཆུ་ལ་ཆུ་བཞག་པ་ལྟར་འཐིམ་འགྲོ་བ་འདིར་ཚིག་གི་སྡེབ་ལས་ཀྱང་ནུས་པ་ཞིག་ཐོན་མོད་ཀྱང་གཙོ་བོ་དོན་དངོས་ཀྱི་རྨང་གཞི་ཟབ་ཅིང་དེ་ཡང་ཚིག་གི་ལམ་ནས་ཇི་བཞིན་ཐོན་ཐུབ་པའི་གནད་དེར་ཐུག་ཡོད། འོན་ཀྱང་། གསར་བུ་འགས་དོན་དངོས་ཀྱི་རྨང་གཞི་ལ་བརྩི་འཇོག་ཅི་ཡང་མི་བྱེད་པར་བསྟོད་པ་ཞེས་པའི་ཚིག་ཙམ་ལས་ཞེན་པ་ལོག་པ་མཐོང་མོད། བོད་ཀྱི་སྙན་ངག་ཏུ་རྒྱུགས་ཆེ་བའི་བསྟོད་པ་ནི་ཡོན་ཏན་ཉིད་ལས་བརྩམས་པ་སྟེ་དོན་དངོས་ཀྱི་རྨང་གཞི་ལྡན་པ་ཞིག་ཡིན་པས་ངོ་བསྟོད་ཀྱི་བསྟོད་པ་དང་མི་འདྲ་ལ་ཕྱི་མ་ནི་ཕྱོགས་ལྷུང་གིས་དགོས་མཁོ་ལྟར་བྲིས་ཤིང་དོན་དངོས་ཀྱི་རྨང་གཞི་ཅི་ཡང་མི་ལྡན་པའི་ཚིག་སྟོང་ཞིག་ལས་སྙན་ངག་པའི་ངག་ལས་ཐོན་འོས་པ་ཞིག་ཀྱང་ག་ལ་ཡིན། གཞན་ཡང་། ཆོས་ལུགས་ཀྱི་འདུ་ཤེས་ཁོ་ན་བརྗོད་ནའང་དེ་ལས་བྱུང་བའི་སྐྱོ་ཤས་དང་ངེས་འབྱུང་གི་བསམ་བློ་ཀློག་པ་བོའི་རྒྱུད་ལ་རོ་གཅིག་ཏུ་འདྲེས་པ་ནི་དོན་དངོས་ཀྱི་རྨང་གཞིའི་རྐྱེན་གྱིས་ཡིན། དོན་དངོས་ཀྱི་རྨང་གཞི་ལ་མ་ལྟོས་པར་སྙན་ངག་ལེགས་མིན་གྱི་ཚད་གཞིར་བསྟན་སྲིད་དང་ལ་རྒྱ་སོགས་ལས་འཇོག་པ་ནི་རིགས་པ་དང་མཐུན་པ་ཞིག་ག་ལ་ཡིན། དེའི་ཕྱིར་དོན་དངོས་ཀྱི་རྨང་གཞི་འདི་རང་གི་ཉམས་མྱོང་ལས་ཐོན་པ་སྟེ་དངོས་པོའི་འཕོ་འགྱུར་དང་འཚོ་བའི་ནང་གི་སྨྲ་བརྗོད་དང་གོམས་གཤིས། འཆར་སྒོ། བདེ་སྡུག འགྲོ་སྟངས་སོགས་ལ་དོ་སྣང་དང་འཚོལ་ཞིབ་བྱུང་བ་ལས་སེམས་དང་སེམས་བྱུང་གི་འབྲེལ་བ་དང་བློ་དང་བྱ་བྱེད་ཀྱི་འབྲེལ་བ། ཡུལ་དང་ཡུལ་ཅན་གྱི་འབྲེལ་བ་སོགས་གསལ་རྟོགས་བྱུང་བ་དེ་ཉིད་ལེགས་བསྒྲིགས་ཀྱིས་སྙན་ངག་ལས་བསྟན་ན་ད་གཟོད་སྙན་ངག་དེ་དོན་དངོས་རྨང་གཞི་དང་ལྡན་པའི་མཚན་ཉིད་ཡོངས་སུ་ཚང་བ་ཡིན། དེར་བརྟེན་གཟུང་འཛིན་གཉིས་ཟུང་དུ་སྦྲེལ་བའི་ཐབས་རྩལ་ཁྱད་པར་ཅན་ཞིག་འབྱུང་སྟེ་དོན་ དངོས་ཀྱི་རྨང་གཞི་ལས་བདེན་སྣང་སྐྱེས་ཤིང་ནང་སེམས་ཀྱི་འགྱུར་བ་ལས་སྙན་ངག་གི་ དགའ་སྐྱོའི་ཚོར་བ་རང་སེམས་ལ་རོ་གཅིག་ཏུ་འདྲེས་པའི་ནུས་པ་ཐོན་པ་རེད། དེ་རིགས་དགེ་འདུན་ཆོས་འཕེལ་གྱི་མི་རྟག་དྲན་མགུར་ལྟ་བུས་མཚོན་ནོ། །དེ་བས་ང་ཚོས་ཀྱང་དེང་སྐབས་འབྲི་བཞིན་པའི་སྙན་ངག་ལ་བསྐྱར་དུ་རྟོག་ཞིབ་རེ་བྱེད་དགོས་སྙམ།  

ལྔ། སྙན་ངག་གི་རྗོད་བྱེད།  

   སྙན་ངག་གི་ཚིག་གམ་རྗོད་བྱེད་ནི་བརྒྱ་དཀྲུགས་འོ་མའི་མར་ལོ་བཞིན་འཚོ་བའི་སྐད་ཆ་དྭངས་མ་ཞིག་སྟེ་རྩོམ་རིག་གཞན་ལས་ལྷག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དགོས་ཤིང་གནད་བསྡུས་དང་ལྷོད་ཤའམ་འཇམ་རྩུབ་བརྗོད་བྱ་དང་འབྲེལ་དགོས་པ་རེད། དོན་དངོས་ཀྱི་རྨང་གཞིའི་འོ་མ་དང་ལྡན་ཡང་སྙན་ངག་གི་སྐད་ཆའི་སྐྱུར་རྩི་དང་མ་འབྲེལ་ན་སྙན་ངག་གི་ཞོ་གསར་ཆགས་པའི་སྐལ་བ་ནམ་ཡང་མེད། དེའི་ཕྱིར་སྙན་ངག་གི་སྐད་ཆ་ནི་སྙན་ངག་གི་མིག་ཏུ་གླེང་འོས།དེ་ལ་དབྱེ་ན་ལུས་དང་རྒྱན་གཉིས་ཡོད་ཅིང་ལུས་ལ་བཅད་ལྷུག་སྤེལ་མ་གསུམ་བཤད་པ་རྗོད་བྱེད་ཚིག་གི་ལུས་ཡིན་ལ་དེ་ཡང་ཚིག་གི་ཕྲེང་བ་ལས་མ་འདས་པའི་ཕྱིར་ངག་ཡིན་ལ་ངག་གི་ཀུན་སློང་ནས་ཐད་ཀར་བསམ་པ་དང་འབྲེལ་བའི་ཡིད་ཀྱི་འགྱུར་བ་ཕྱིར་འཕོས་པ་ཡིན། དེའི་ཕྱིར། སྙན་ངག་གི་ལུས་ནི་སྙན་ངག་པའི་བརྩེ་དུང་ལས་ཐོན་པ་ཡིན་ཞིང་སྙན་ངག་པའི་བསམ་བློ་དང་བརྩེ་དུང་ལ་མཐའ་མེད་པ་བཞིན་སྙན་ངག་ལའང་མཐའ་མེད་ཅིང་དེ་བཞིན་སྙན་ངག་གི་ལུས་ལའང་ཚོད་འཛིན་གཏན་ནས་བྱེད་མི་ཐུབ། ཡིན་ཡང་སྙན་ངག་སྔ་དར་དང་བར་དར་སྐབས་ཀྱི་མི་ལའི་མགུར་མ་དང་འབྲུག་པ་ཀུན་ལེགས་ཀྱི་མགུར་མ། ལྷག་པར་བསང་ཡིག་དང་དམངས་ཁྲོད་རྩོམ་རིག གཞན་ལ་རྟོག་ཞིབ་བྱས་ན་དེ་གསུམ་གང་དུའང་མ་གཏོགས་པའི་སྙན་ངག་གི་ལུས་ཕུང་གསུམ་པ་ཞིག་སྟེ། ད་ལྟའི་ཚིག་རང་དབང་ཅན་དང་འགྲོས་མཚུངས་པའི་ལུས་ཤིག་ཡོད་ནའང་མེ་ལོང་མས་བསྡུས་ཐུབ་མེད་པ་གཞན་གྱི་གཞུང་ལུགས་ཡིན་པས་རེད། དེས་ན་བོད་ཀྱི་སྙན་ངག་གི་ལུས་ལ་བཅད་ལྷུག་སྤེལ་མ་གསུམ་དང་ཚིག་རང་དབང་ཅན་ཏེ་བཞིའམ་རིས་བསྡུས་པའི་གྲངས་ངེས་ཀྱིས་བཅད་ལྷུག་དང་རང་དབང་ཅན་སོགས་རྩོམ་ལུས་གསུམ་དུ་དབྱེ་ཆོག་སྙམ།  

   སྤྱིར་གཞུང་ལུགས་ལ་ཡིད་རྟོན་ནས་སྙན་ངག་འབྲི་བ་སྙན་ངག་པ་མིན་ཞེས་བཤད་ཆོག་པས་སྙན་ངག་འབྲི་དུས་ལུས་དང་གཞུང་ལུགས་ལ་བསམ་བློ་གཏོང་མི་དགོས་ཤིང་སྙན་ངག་པའི་དུང་སྣང་དང་རེ་འདུན་བཞིན་རང་དང་མཐུན་པའི་ལུས་ཤིག་འབྱུང་བ་ཡིན་མོད། ལུས་གསར་བཏོད་ཀྱི་ཐད་ལ་བསམ་བློ་གཏོང་མི་དགོས་པ་གཏན་ནས་མིན་ནོ། །འོན་ཀྱང་གསར་བུ་ལ་ལས་ཚིགས་བཅད་ལས་བརྩེ་དུང་དང་བསམ་པའི་འགྱུར་ཁུགས་ཕྱིར་འཕོ་མི་ཐུབ་པར་སྨྲ་བ་ནི་ལོག་པར་རྟོག་པའི་རྟགས་སུ་མངོན་ཏེ་དེའི་གནད་གཙོ་བོ་རྩོམ་པ་བོ་རང་ཉིད་འབྲི་རྩོམ་ལ་བྱང་མིན་གྱི་གནད་ལས་མ་འདས། རྒྱན་ཡང་ཚིག་ལས་ལོགས་སུ་འབྱེད་ཐབས་མེད་ན་ཡང་འོན་ཀྱང་དེ་ནི་དོན་ལ་ཉམས་ཐོན་བྱེད་དེ་བརྗོད་བྱའི་དོན་ཀློག་པ་བོའི་མིག་ལ་འཆར་བྱེད་དམ་སེམས་ལ་བག་ཆགས་འཇོག་སྤྱད་ ཅིག་ཀྱང་ཡིན་པར་མ་ཟད་ཚིག་གི་སྡེབ་ཁའི་སྙན་ཞིང་འཇེབས་པའམ་ཡིད་འཕྲོག་ཐུབ་པ་ཞིག་ཡིན། དེ་མེ་ལོང་མར་བཤད་པའི་སྒྲ་དོན་གྱི་རྒྱན་ཡང་འདུས་ལ་རྒྱན་དང་བྲལ་བའི་ སྙན་ངག་ལེགས་པོ་ཞིག་འབྱུང་ཐབས་མེད་ཅིང་ནོ་པེའར་གྱི་རྩོམ་རིག་བྱ་དགའ་ཐོབ་ མཁན་དག་དང་ཕྱི་གླིང་བའི་མིང་གྲགས་ཆེ་བའི་རྩོམ་རིག་མཁན་པོ་དག་གི་སྙན་ངག་ ལའང་རྒྱན་དང་བྲལ་བ་ཞིག་མི་སྲིད་པས་དོན་རྒྱན་རྗེས་ལུས་རེད་ཟེར་བ་ནི་འཁྲུལ་བར་ཤེས་སླ། ཡིན་ནའང་རྒྱན་ལ་བཀོལ་ཤེས་དགོས་ཏེ་མིན་ན་ལམ་ལོག་ཏུ་འགྲོ་ངེས། དཔེར་ན། གཞོན་ནུ་མ་ཞིག་ལ་ལྷན་སྐྱེས་ཀྱི་མཛེས་བག་དང་ནང་སེམས་ཀྱི་ཀུན་སློང་། སྐབས་བབས་ཀྱི་འཇོ་སྒེག་ལྡན་ན་དེར་མཐུན་པའི་རྒྱན་བཟང་བོ་སྤྲས་ན་དེ་བས་ཀྱང་མཛེས་ལ། མཛེས་བའི་ཆ་ཅུང་མེད་པར་རྒྱན་ཚད་ལས་བརྒལ་བ་སྤྲས་ན་ཆ་མི་སྙོམས་པའི་སྣང་བ་ཞིག་སྟེར་ངེས་ལ་སྙན་ངག་ཀྱང་དེ་ལས་མ་འདས་པས་མེ་ལོང་མར་སྐྱོན་སེལ་ལོགས་སུ་བཤད་དོན་ཡང་དེ་རེད།སྤྲིན་གྱི་ཕོ་ཉསོགས་ལ་བལྟས་ན་དེའི་དཔེ་དོན་འཚམ་ཞིང་ཕན་ཚུན་ལ་རམ་འདེགས་མི་ཉུང་བ་ཞིག་ཐོན་པ་མཐོང་ཐུབ་པས་རྒྱ་གར་ལ་དཔེ་བལྟས་པའི་རང་རེ་བོད་ཀྱི་སྙན་ངག་འགའ་རེས་ཁྱད་ཆོས་དེ་བཟུང་ཡོད་པ་མི་སྣང་བས་ཅུང་ལམ་ལོག་ཏུ་ཕྱིན་པར་སྙམ།  

དྲུག་པ། སྙན་ངག་གི་མི་རིགས་རང་བཞིན།  

   མི་རིགས་སོ་སོ་ལ་རང་གི་ཁྱད་ཆོས་ལྡན་པའི་རིག་གནས་ཡོད་པ་བཞིན། སྙན་ངག་ལའང་། ངེས་པར་དུ་མི་རིགས་ཀྱི་རང་བཞིན་ཡོད་དགོས། དེ་ཡང་བརྗོད་བྱ་ལ་མི་རིགས་ཀྱི་རང་བཞིན་དང་རྗོད་བྱེད་ལ་མི་རིགས་ཀྱི་བྲོ་བ་ལྡན་དགོས། དཔེར་ན། དམངས་ཁྲོད་ཀྱི་སྙན་ངག་དག་དང་ཏུན་ཧོང་གཏེར་ཡིག་དང་བཀའ་ཐང་ནས་བྱུང་བ་དག ལྷག་པརདམེ་ཤུལ་ས་བསྟོད》《ལྷ་སའི་ཁྲོམ》《ཡི་དྭགས་སྐེ་རིངསོགས་ལ་མི་རིགས་ཀྱི་རང་བཞིན་དང་དུས་རབས་ཀྱི་རང་བཞིན་ཇི་བཞིན་བྱུང་ཡོད་ཅིང་། མི་ལ་རས་པའི་མགུར་མ་དང་། ཚངས་དབྱངས་རྒྱ་མཚོའི་མགུར་གླུ། ཞང་སྟོན་བསྟན་པ་རྒྱ་མཚོ་དང་རྡོ་གྲུབ་བསྟན་པའི་ཉི་མ་སོགས་ཀྱི་སྙན་ངག་ལའང་མི་རིགས་ཀྱི་རང་བཞིན་ལྡན་པས་སྦྲང་དཀར་རྩམ་པ་དང་ཞོ་གསར་གྱི་ཞིམ་མངར་ཇི་བཞིན་ཀློག་པ་བོར་རོ་མངར་ཁྱད་པར་ཅན་ཞིག་སྟེར་ཐུབ་པ་རེད། ང་ཚོས་མི་རིགས་རང་བཞིན་དམ་འཛིན་བྱེད་པ་ནི་མི་རིགས་རང་ལ་གཞན་ལས་ཐུན་མོང་མ་ཡིན་པའི་སྐད་ཆ་དང་གོམས་གཤིས། ཡི་གེ་བཅས་སྙན་ངག་ཀྱང་ཐུན་མོང་མ་ཡིན་པ་ཞིག་ཏུ་འགྱུར་བའི་ཆེད་དུ་ཡིན།  

   ཡིན་ནའང་ང་ཚོའི་སྙན་ངག་མང་བོ་ཞིག་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་བཞིན"རྒྱ་སྐད་བོད་སྐད་དུ་བསྒྱུར་པ་རྣམས་ཀྱི་དབྱིབས་ཁོ་ནར་བྲིས་ལ། དེ་རྣ་བར་ འཇགས་འཇགས་ནས་གོ་བདེ་བར་སོང་བ་ཡིན་གྱི་བོད་སྐད་རང་གི་སྒྲིག་ཚུལ་ནི་མིན་ པར་ངེས"ཞེས་པ་བཞིན་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ཀྱང་ཡ་མ་ཟུང་དུ་གྱུར་འདུག་པ་དཔེར་ན་གཞོན་ནུ་མ་ཞིག་བརྗོད་པའི་ཚེ་མིག་སྔོན་པོ་དང་རྐང་གདུབ་གྱོན་པ། སྐེད་པ་ཕྲ་བ་དང་ཚང་ར་རྒྱས་པ་སོགས་ཕྱོགས་གང་ནའང་རྒྱ་གར་བའི་ཤན་ཞུགས་པ་ཆེས་མང་ངོ་། །དེའི་ཕྱིར་དགེ་འདུན་ཆོས་འཕེལ་གྱིས་མཁུར་ཚོས་མཚལ་ལྟར་དམར་པོ་དེ་རྒྱ་གར་བའི་རིགས་ལ་ཡེ་ནས་མེད་པས་རྒྱ་གཞུང་རྣམས་ནའང་མཆུ་སྒྲོས་དམར་བ་ལས་མཁུར་ཚོས་དམར་བའི་སྒྲོས་མི་འབྱུང་བ་དེ་ཡིན། འོན་ཀྱང་རང་རེ་ནི་མཁན་ཆེན་གནས་གསར་པས། དམར་སྣུམ་མཁུར་ཚོས་འཛུམ་ལྡན་གསེར་གྱི་རྣ་གོར་གཡོ་བའི་མཛེས་མ་སྤངས། ། ཞེས་པ་ལྟ་བུའི་ཚིག་སྦྱོར་བྱས་ན་ཤིན་ཏུ་འཚམ། འོ་ཅག་ཤར་མོ་འགྲམ་དམར་མ་འདི་དག་བཏང་སྙོམས་སུ་འཇོག་པའི་གནས་ཅི་ལ་ཡོད་ཅེས་པ་བཞིན་རོང་མོ་རས་ལྭ་གྱོན་ཞིང་སྐྲ་ལུང་བཏགས་པ་དང་འབྲོག་མོ་རལ་ལེབ་དང་ཚགས་རྒྱན་བཏགས་པ་སོགས་ས་ཆ་རེའི་གཞོན་ནུ་མ་དག་གི་འཆར་སྒོ་དང་གོམས་གཤིས། སྨྲ་བརྗོད་སོགས་གནའ་དེང་གི་སྙན་ངག་ཀུན་ནའང་དཀོན་པ་རེད། དེའི་ཕྱིར། ང་ཚོས་དམངས་ཁྲོད་རྩོམ་རིག་དང་བར་དར་རྙིང་མའི་སྙན་ངག་གི་ལག་ལེན་ལ་སློབ་སྦྱོང་བྱས་ཏེ་གསར་དར་གྱི་མི་རིགས་རང་བཞིན་གསར་བཏོད་བྱས་ན་ཆེས་བཟང་སྟེ་དགེ་འདུན་ཆོས་འཕེལ་དང་འཇུ་སྐལ་བཟང་གི་སྙན་ངག་གིས་མཚོན་ལ་ལྷག་པར་བོད་ཀྱི་རང་བཞིན་དང་ཁ་བྲལ་ན་གཏན་ནས་མི་རུང་། ད་ལྟའི་སྙན་ངག་མང་བོ་ཞིག་ལ་བལྟས་ན་ཕལ་མོ་ཆེ་ལ་མི་རིགས་ཀྱི་རང་བཞིན་གཏན་ནས་མེད་དེ་མི་རིགས་གཞན་པའི་སྙན་ངག་གི་ལད་མོ་ཤ་ཐོན་རུས་ཐོན་དུ་བྱས་ཤིང་། རྗོད་བྱེད་ཀྱི་ཚིག་ནི་དེ་བས་ཀྱང་བོད་སྐད་མ་ཡིན་པ་ལྟ་བུ་ཞིག་ཏུ་གྱུར་འདུག དེ་ཡང་བོད་ཀྱི་བརྡ་སྤྲོད་པའི་ཚིག་ཕྲད་དེ་སྤྱི་སྒྲའི་ཕྲད་གང་སུ་ཅི་ཇི་དང་གུ་ཤིག་ཅིག་སོགས་ཀྱི་ནུས་པ་ལ་བརྩི་འཇོག་ཅི་ཡང་མེད་ལ་ཚིག་གི་ཆ་ནས་མཐིང་མདོག་གི་བསམ་པ་སོགས་མི་རིགས་འདིའི་ཁྱད་ཆོས་ལ་ཡེ་ནས་མེད་པ་དག་བཀོལ་བས་རྒན་པ་རྣམས་ཀྱིས་མི་འདོད་པའི་འཁང་གཏམ་སྣ་ཚོགས་སྨྲས་ཏེ་ཐ་ན་ཚིག་རང་དབང་ཅན་གྱི་སྙན་ངག་སྙན་ངག་མིན་ཞེས་རྗོད་བཞིན་པ་འདི་ནི་ང་ཚོས་མི་རིགས་རང་བཞིན་ལ་དོ་སྣང་མ་བྱས་པས་ལན། ལ་ལས་ཕྱི་གླིང་བའི་སྙན་ངག་ལ་བལྟས་ནས་སྙན་ངག་འབྲི་བ་མཐོང་མོད་སྙན་ངག་ལ་བལྟས་ནས་སྙན་ངག་འབྲི་བ་ནི་སྙན་ངག་འབྲི་སྦྱོང་གི་གོ་རིམ་ལས་མ་འདས་པས་དེ་ལྟ་ན་མི་རིགས་ཀྱི་རང་བཞིན་གཏན་ནས་ཐོན་མི་ཐུབ་ཅིང་ལྷག་པར་འཕེལ་རྒྱས་ལས་ལམ་ལོག་ཏུ་འགྲོ་ཉེན་ཆེ་ལ་ཚིག་དོན་གང་ལའང་ཕྱི་གླིང་བའམ་མི་རིགས་གཞན་པའི་སྙན་ ངག་གི་ཁྱད་ཆོས་གཙོ་བོར་གཉེར་བ་འདི་མི་རིགས་ཀྱི་རང་བཞིན་ཉམས་བྱེད་ལས་ལེགས་ཆ་བསྡུ་བའི་ཚད་གཞིར་གཏན་ནས་མི་འགྲོ།  

   མདོར་ན་མི་རིགས་ཀྱི་རང་བཞིན་ནི་སྙན་ངག་གི་གནད་ཀྱི་དོན་པོ་ཞིག་ཡིན་ཞིང་ཡིད་འཕྲོག་པའི་རྐྱེན་གཙོ་བོའང་ཡིན། དེས་ན་མི་རིགས་ཀྱི་རང་བཞིན་འདི་ཚིག་གི་ཆ་ནས་སྲོལ་རྒྱུན་དང་སྐད་རིགས། བརྡ་སྤྲོད་བཅས་ཀྱི་རྨང་གཞི་ལས་ཐོན་ཞིང་བརྗོད་བྱའི་ཐད་ནས་མི་རིགས་ཀྱི་དོན་དངོས་རྨང་གཞི་ལ་བསྟུན་ནས་བྱུང་བ་ཡིན། ལྷག་པར་དེ་གཉིས་ཟུང་དུ་སྦྲེལ་བའི་སྙན་ངག་ནི་མི་རིགས་ཀྱི་རང་བཞིན་ལྡན་པའི་བརྩམས་ཆོས་སུ་ཁ་ཚོན་གཅོད་ཆོག་ཅིང་། སྙན་ངག་ལེགས་པའི་སྡོད་གནས་སུ་འདུག་པའི་ཆོ་ལོ་འཐོབ་ངེས་ཡིན།  

བདུན། སྙན་ངག་གི་མཚོན་ཐབས།  

   སྙན་ངག་གི་མཚོན་ཐབས་ནི་སྙན་ངག་པའི་རིག་པའི་རྩལ་ལས་ཐོན་པ་སྟེ་སྙན་ངག་འབྲི་བ་ལ་བྱང་བའི་འབྲས་རྟགས་ཤིག་ཡིན་ནའང་མཐའ་གཅིག་ཏུ་འདིར་ངེས་ཞེས་ཚོད་འཛིན་གཏན་ནས་མེད། དེའི་ཁྱད་ཆོས་བརྗོད་བྱ་སྟོན་པར་ཕན་ནུས་ངེས་ཅན་ཞིག་འདོན་པ་དང་ཚིག་ཚོགས་སྐྱུང་བྱེད་ཡིན་པས་མཚོན་ཐབས་དང་བྲལ་ཚེ་སྙན་ངག་དེ་ཚིག་ཉོག་ཏུ་འགྱུར་འགྲོ་བའམ་ཡང་ན་སྙན་ངག་གི་ཚོར་འདུ་དང་བརྩེ་དུང་ཀློག་པ་བོའི་ཡིད་ལ་སིམ་འགྲོ་བའི་ཁྱད་ཆོས་ཐོན་ཐུབ་པ་མ་ཡིན། དེས་ན་མཚོན་ཐབས་ཀྱི་དགོས་པ་སྙན་ངག་དང་། ཀློག་པ་བོའི་འབྲེལ་བའི་སྟེང་དུ་གནས་ཡོད།མེ་ལོང་མལས་བསྟན་པའི་ དཔེ་རྒྱན་སོཊ་ཀྱང་མཚོན་ཐབས་ཡིན་ཏེ་དཔེར་ན་བྱ་ལེན་མའི་ཟློས་གར་ལས། འདམ་བུའི་ཚལ་ན་ཆུ་སྐྱེས་མཛེས་པ་སྟེ། །ར་རིས་རྒྱན་ཡང་ཟླ་བ་ཡིད་འོང་སྙམ། །ཤིང་ལོ་གྱོན་ ཡང་ཕྲ་ལ་ལྡེམ་པའི་ལུས། །མཛེས་སྡུག་ཅན་ལ་རྒྱན་དུ་མི་འགྱུར་གང་། །ཞེས་དང་། ལུས་ནི་མདུན་དུ་འགྲོ་བྱེད་ཅིང་། །སེམས་ནི་རྒྱབ་ཏུ་སླར་རྒྱུགས་པ། །ལྡོག་ཏེ་རླུང་གིས་འཁྱེར་བ་ཡི། །རྒྱ་ནག་དར་གྱི་བ་དན་བཞིན། །ཞེས་པ་འདི་གཉིས་ལས་ཡིད་ལ་དངོས་པོའི་ཆོས་ཉིད་ཅིག་གསལ་བོར་འཆར་ཐུབ་པ་ཞིག་དཔེར་བཀོད་པ་དེ་ལས་བརྗོད་བྱའི་དོན་སྟོན་པ་ལ་ ནུས་པ་ཁྱད་པར་ཅན་ཞིག་བྱིན་པ་སྟེ་དོན་སྤྱི་ཁྱད་པར་ཅན་ཞིག་ལས་ཐད་ཀར་གློག་བརྙན་བསྟན་པ་ཇི་བཞིན་མིག་ལ་འཆར་ཐུབ་པ་རེད། ཡངཡི་དྭགས་སྐེ་རིངཞེས་པར། ཕ་ཞིག་གི་ལག་རྟེན་ཆག་ཐལ། །མ་ཞིག་གི་མིག་ཆུ་ལྷུང་ཐལ། །ཞེས་པ་འདི་ལ་མཚོན་ན་ར་མདའི་ཁྲོད་ཀྱི་གཞོན་ནུ་ཞིག་ཐད་ཀར་བསད་ཅེས་མ་བརྗོད་པར་འབྲས་བུ་ལས་གླེང་སྟེ་ རྒན་རྒོན་གཉིས་ཀྱི་འཚོ་རྟེན་དུ་གྱུར་པའི་གཅེས་ཕྲུག་སྟེ་ལག་རྟེན་ཞིག་ཆག་པས་དེའི་ཕ་མའི་ཚེ་མཇུག་གི་སྡུག་བསྔལ་དང་དཀའ་སྡུག ཐ་ན་རང་ཉིད་ཀྱིས་ཀྱང་དེ་གསལ་བོར་ཤེས་བཞིན་དུ་རང་སྲོག་སྲུང་བའི་ཆེད་དུ་བསད་ནའང་དེ་ནི་རང་རྒྱུ་ཆེད་དུ་རང་སྲོག་བློས་གཏོང་ཐུབ་པའི་དཔའ་བོ་ཞིག་ཡིན་པ་ཁས་བླངས་པར་མ་ཟད། དེའི་ཕ་མར་བརྩེ་དུང་ངམ་སྙིང་རྗེ་སྐྱེ་བ་སོགས་ཞིབ་མོར་བརྗོད་དེ་ཀློག་པ་བོ་རྣམས་ལ་བྲོ་བ་རྒྱ་ཆེན་པོ་ཞིག་སྟེར་བ་རེད། དེ་བཞིན་སྙན་ངག་པ་རེ་རེའི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་མཚོན་ཐབས་ ཤིན་ཏུ་མང་ལ་ལག་ལེན་ལས་ཐོན་པའི་མཚོན་ཐབས་རེ་རེ་བཞིན་བརྗོད་པར་ག་ལ་ལང་། ཡིན་ནའང་སྙན་ངག་གསར་བ་འབྲི་མཁན་དག་ལ་མཚོན་ན་མཚོན་ཐབས་གསར་བའང་ནང་འདྲེན་བྱེད་པ་མཐོང་མོད། དེ་ནི་གསར་བ་ལ་དགའ་བ་ཙམ་ལས་དགེ་མཚན་ཆེ་བའི་ཐབས་ཤེས་ཤིག་གཏན་ནས་མ་ཡིན། མཚོན་ཐབས་ལའང་ལུས་ངག་གི་བྱ་བས་ནང་གི་འགྱུར་བ་མཚོན་པ་དང་རྣམ་པ་ལས་མཚོན་པ། ཟུར་དང་ཉམས་ལས་མཚོན་པ་སོགས་ལག་ལེན་ལ་ཚད་འཛིན་མེད་ཅིང་མཚོན་ཐབས་ལ་མཛད་མཐའ་བྲལ་ནའང་ཞིབ་ཏུ་བསམས་ན་མཚོན་ཐབས་ལ་ཕྱིའི་མཚོན་ཐབས་དང་ནང་གི་མཚོན་ཐབས་གཉིས་ཡོད་ཅིང་ཕྱིའི་མཚོན་ཐབས་ནི་ཁོར་ཡུག་དང་དངོས་པོའི་འཕོ་འགྱུར་བརྗོད་པ་ལས་མཚོན་པ་དང་། ནང་གི་དེ་རྣམ་འགྱུར་དང་སྨྲ་བརྗོད་སོགས་ལས་ཐོན་པ་ཞིག་སྟེ་ནང་སེམས་ཀྱི་འགྱུར་བ་ལས་ཕྱིའི་ཆོས་སྣ་ཚོགས་སུ་ སྣང་བ་འདི་དང་དངོས་པོའི་འཕོ་འགྱུར་ལ་དོ་སྣང་ཆེན་པོ་བྱས་ཏེ་ཟུར་དང་ངོས་དག་གི་འབྲེལ་བ་ལ་ངེས་ཤེས་བྱུང་ན་མཚོན་རྟགས་སྣ་ཚོགས་འབྱུང་ལ་དེ་ནི་སྐད་ཆའི་སྒྱུ་རྩལ་ལ་གོམས་པའི་རྟགས་ཀྱང་ཡིན། ང་ཚོས་མཚོན་ཐབས་སྣ་ཚོགས་ཀྱི་ཆེད་དུ་རང་ཉིད་ཀྱི་བྱ་བྱེད་ལ་ལྟད་མོ་ལྟ་བའམ་རང་གཞན་གྱི་འབྲེལ་བ་དང་སེམས་ཁམས་བཅས་ལ་དངོས་སུ་ཞུགས་པར་མ་ཟད་ཟུར་ནས་ཀྱང་བལྟ་དགོས། དེ་དག་ཀྱང་ལས་སྣོན་དང་ཞུན་བརྡར་བརྒྱུད་དེ་བརྗོད་བྱ་མིག་ལ་འཆར་ཐུབ་ཅིང་ངོ་མཚར་ཆེ་བའི་མཚོན་ཐབས་སྣ་ཚོགས་འབྱུང་སྲིད།  

བརྒྱད། སྙན་ངག་པར་འགྱུར་བའི་གོ་རིམ།  

    སྙན་ངག་ལ་དགའ་བའི་མི་ཞིག་ཡིན་ཕྱིན། སྙན་ངག་པར་འགྱུར་འདོད་མེད་པ་ག་ལ་སྲིད། འོན་ཀྱང་སྙན་ངག་པར་འགྱུར་རྒྱུ་དེ་འདྲ་སླ་མོ་ཞིག་མིན་པས་སྙན་ངག་པར་འགྱུར་འདོད་པ་དག་གིས་སྙན་ངག་པར་འགྱུར་བའི་གོ་རིམ་ལ་བསམ་བློ་མ་བཏང་ན་ཕུགས་འདུན་དེར་འགལ་རྐྱེན་ཤིན་ཏུ་མང་བས་ལམ་བར་ནས་ཞུམ་པའང་སྐྱེ་ངེས་པས་དེ་ལྟ་ན་སྙན་ངག་པའི་གསེར་ཁྲིར་དབང་བའི་ལས་སྐལ་ཡང་ཇེ་རིང་དུ་འགྱུར་ངེས་རེད།  

རང་ལ་སྐྱེས་སྟོབས་ཀྱི་ཤེས་རབ་ཡོད་མེད་ལ་མ་བལྟས་པར་སྙན་ངག་པར་འགྱུར་འདོད་པ་ཞིག་ཡིན་ཕྱིན། ངེས་པར་དུ་རང་ཉིད་སྙན་ངག་མཁན་དུ་གྱུར་པའི་དུས་ཤིག་ཡོད་པའི་སྟོང་བསམ་རྨང་གཞིར་དགོས་ཤིང་། དེ་ལྟ་བུའི་རྨང་གཞི་ནི་རང་བཀུར་དང་རང་ཉིད་ལ་ཡིད་ཆེས་འབྱུང་བའི་རྒྱུ་རྐྱེན་ཡིན་ལ། དེའི་དབང་གིས་དཀའ་སྤྱད་འབད་བརྩོན་དང་གདོང་མཆོང་ལ་ངར་ཤུགས་འབྱུང་ཐུབ། དེ་དང་མཉམ་དུ་སྐད་ཡིག་གི་ཆུ་ཚད་དང་མྱོང་བ་ཡང་དགོས་ཏེ་སྐད་ཡིག་གི་ཆུ་ཚད་ངེས་ཅན་ཞིག་མེད་ན་དག་ཆའམ་བརྡ་སྤྲོད། ཚིག་སྦྱོར་དག་ལ་འགོག་རྐྱེན་ཐེབས་ཤིང་། མྱོང་བ་ནི་སྙན་ངག་གསོན་པོར་གཏོང་བའི་གསེར་འགྱུར་རྩི་ལྟ་བུ་ཡིན་ཞིང་། དེ་ལ་ལག་ལེན་གྱི་མྱོང་བ་དང་འཚོ་བའི་ མྱོང་བ། བསམ་པའི་མྱོང་བ་གསུམ་ཡོད་ལ་དེ་དག་ལ་བྱང་བར་འབད་པ་ནི་རང་བཀུར་ དང་ཡིད་ཆེས་ཀྱི་འབད་པ་བྱེད་མིན་གྱི་གནད་དེར་ཐུག་ཡོད། དེ་ཡང་ལག་ལེན་གྱི་མྱོང་ བའི་ཐད་ནས་བཤད་ན་སྙན་ངག་ཐོག་མར་འབྲི་བའི་ལས་དང་བོ་བ་དག་གིས་སྙན་ངག་འབྲི་དུས་ཡིད་ལ་ཅི་ཡང་འཆར་རྒྱུ་མེད་པའམ་གང་ཞིག་འབྲི་དགོས་མིན་མི་ཤེས་ལ་འབྲི་འདོད་རུང་ཅི་ཞིག་འབྲི་རྒྱུ་མི་རྙེད། ཡང་ན་འབྲི་རྒྱུ་ཞིག་རྙེད་རུང་སྨྱུ་གུ་ལག་ཏུ་བཟུང་ཚེ་བརྗེད་འགྲོ་བ་ལྟ་བུའི་བསམ་ཚུལ་ཞིག་སྐྱེས་ཤིང་གཞན་གྱིས་དེ་ལྟ་བུ་ཞིག་བྲིས་པ་མཐོང་ཚེ་རང་གི་འབྲི་རྒྱུ་དེ་བྲིས་འདུག་སྙམ་པ་དང་ད་གཟོད་ཡིད་ལ་ཤར་ཐུབ་པ་རེད། འདིའི་རྐྱེན་གཙོ་བོ་འཚོ་བའི་མྱོང་བས་མ་འདང་བ་དང་། ལག་ལེན་གྱི་མྱོང་བ་ཞན་པ་དང་བསམ་པའི་མྱོང་བ་མེད་པའི་རྐྱེན་ལས་མ་འདས། འགག་སྒོ་འདིས་ཡིད་ཆད་སྲིད་ནའང་དེ་ལས་བརྒལ་བར་རྗོད་བྱེད་ཀྱི་ཚིག་གམ་དོན་གཡོར་བའམ་ལད་འབྲི་བྱས་ན་མི་རིང་ བར་རྨང་གཞི་ཅུང་འབྱོར་ཐུབ། དེ་ནས་དེ་འཚོ་བའི་མྱོང་བ་དང་བསམ་པའི་མྱོང་བ་འབྲི་བར་སྦྱོང་དགོས། དེ་གྲུབ་ན་སྙན་ངག་ཆུ་བོའི་རྒྱུན་བཞིན་འཇོ་བའི་སྙན་ངག་པ་ཞིག་ཏུ་འགྱུར་ཐུབ།  

   འོན་ཀྱང་བར་སྐབས་ནས་ཡིད་ཚིམ་ན་ཅི་ཡང་མི་འོང་ལ། སྙན་ངག་པར་འགྱུར་བའི་འདོད་བློའང་མིང་ཙམ་ལ་མི་བཅོལ་ཀ་མེད་ཡིན། ད་ལྟའི་ན་གཞོན་དག་ལ་བལྟས་ན་བར་སྐབས་ནས་ཡིད་ཚིམ་པའང་ཅུང་མང་བས་བོད་ལ་མིང་དོན་མཚུངས་པའི་སྙན་ངག་པ་དེ་འདྲ་མེད་པའི་རྒྱུ་རྐྱེན་གཙོ་བོ་ཡང་འདི་ཡིན་པ་འདྲ། དེ་བས་ཡིད་མ་ཚིམ་པར་བསམ་གཞིག་དང་མྱོང་བར་གོམས་པ་བཅས་ལས་གསར་བཏོད་འབྱུང་ངེས་ལ། རང་གི་ཐུན་མོང་མ་ཡིན་པའི་རྩོམ་རྩལ་མཐོ་རུ་འགྲོ་བས་སྙན་ངག་དེ་ཡང་རིམ་གྱིས་གོ་ས་མཐོ་རུ་འགྲོ་ངེས་ན་ལས་དང་བོ་བ་དག་གིས་གོ་རིམ་འདི་བརྗེད་མི་རུང་སྙམ།  

དགུ། སྙན་ངག་གི་ལམ་ལོག  

   བྱ་བ་གང་ཞིག་སྒྲུབ་ནའང་དེ་འགྲུབ་མིན་གྱི་རྒྱུ་རྐྱེན་ཡོད་ལ་ལྷག་པར་ལམ་ལོག་ཏུ་འགྲོ་སླ་བས་ཐོག་མར་ལམ་ལོག་ཏུ་འགྲོ་བའི་རྒྱུ་རྐྱེན་ངོས་ཟིན་ན་བྱ་བ་དེ་བདེ་བླག་ཏུ་འགྲུབ་སྲིད་པར་མ་ཟད། སླད་ནས་ཀྱང་དགེ་མཚན་ཆེན་པོ་འབྱུང་ངེས། སྙན་ངག་ཀྱང་དེ་ལས་མ་འདས་པས་ང་ཚོ་འཕེལ་རྒྱས་ཀྱི་ལམ་དུ་འགྲོ་ན་སྐྱོན་ཆ་འདོར་དགོས་ཤིང་དེ་ལ་ཡང་ངོས་ཟིན་དགོས། གཞོན་ནུ་མང་བོ་ཞིག་གི་ངོས་འཛིན་ལ་སྲོལ་རྒྱུན་གྱི་རྩོམ་སྟངས་ལམ་ལོག་ཅིག་ཏུ་འདོད་པ་ནི་འཁྲུལ་བ་ཐལ་ཆེ་ནའང་། ཚིག་རྒྱན་གཙོ་བོར་འཛིན་པ་དང་། གོ་སླ་བ་གྲོང་ཚིག་ཏུ་སྨོད་པ། དོན་དངོས་དང་ཁ་བྲལ་བ། དམངས་ཁྲོད་རྩོམ་རིག་ལ་དོ་སྣང་མེད་པར་དཔེ་ཐོག་ནས་སྙན་ངག་འཚོལ་བ་སོགས་ལམ་ལོག་མིན་ཞེས་བརྗོད་མི་ཐུབ། སྙན་ངག་གི་གསར་བཏོད་མཁན་སྙན་ངག་པ་ཡིན་མོད། དེར་ལྟ་མཁན་ཀློག་པ་བོ་ཡིན་པས་ཀློག་པ་བོས་དོ་སྣང་མེད་པའི་སྙན་ངག་ནི་སྙན་ངག་པའི་ངལ་བ་ལས་མེད་ཕྱིར་གོང་གི་དེ་དག་ལས་སྙན་ངག་འཚོ་བའམ་སྤྱི་ཚོགས་དང་ཁ་འབྲལ་བར་ངེས་སོ། །ལྷག་པར་དོ་སྣང་བྱེད་དགོས་པ་ནི་གསར་དར་སྙན་ངག་སྟེ། དེ་ཡང་རྒྱ་ནག་ལ་མཚོན་ན་སྔོན་ནས་དར་ཞིང་ད་ལྟ་བལྟས་ན་དེ་དག་གིས་འཕེལ་རིམ་གཞན་པ་ཞིག་གི་སྣེ་བཟུང་འདུག་པས་ང་ཚོའི་ནང་འདྲེན་དེ་ཡང་རྗེས་ལུས་ཤིག་ལས་མེད་ཅིང་། དེ་ཡང་ཐོག་མར་སྙན་ངག་པ་ཞིག་གིས་གཞན་གྱིས་མི་གོ་བ་ཞིག་བྲིས། གཞན་ཞིག་གིས་དེ་ལ་ལད་མོ་བྱས་ཏེ་ངས་བྲིས་པ་ཁྱོད་ ཀྱིས་མི་གོ་ལ་ཁྱོད་ཀྱིས་བྲིས་པ་ངས་མི་གོ་བའི་སྙན་ངག་ཅིག་དར་བཞིན་ཡོད། གནད་དོན་འདིར་ང་ཚོ་ཐོག་མར་འཕྲད་པ་ཡིན་པས་མི་རིགས་གཞན་པའི་ཉམས་མྱོང་ལས་བལྟས་ན་རྒྱ་ནག་གི་སྙན་ངག་མང་བོ་ཞིག་ལམ་ལོག་ཏུ་བགྲང་འདུག་པ་འདིས་མཚོན་ཞིང་། རྗོད་བྱེད་ལ་རྒྱ་ཡིག་ཐད་བསྒྱུར་གྱི་ཚིག་མང་བོ་ཐོན་ཏེ་སུམ་རྟགས་དག་གསུམ་གྱི་གཏན་སྲོལ་རྡོག་རལ་དུ་གཏོང་བ་དག་དང་། སྲོལ་རྒྱུན་གྱི་རྨང་གཞི་དང་དོན་དངོས་རྨང་གཞི། མི་རིགས་ཀྱི་ཁྱད་ཆོས་སོགས་སྣང་མེད་དུ་འཇོག་པ་དག་ནི་འཕེལ་རྒྱས་ཀྱི་ལམ་ཁར་འཕྲད་པའི་གོལ་ས་ཞིག་རེད་སྙམ།  

   ཡང་གཅིག་བསམས་ན། ད་ལྟའི་སྙན་ངག་པར་རློམ་པ་ཕལ་མོ་ཆེས་མི་རིགས་གཞན་པའི་གཞུང་ལུགས་རྗེས་ཟློས་དང་སྙན་ངག་ལ་མིག་དཔེ་བལྟ་བ་ལས་བློ་ཁ་ནང་དུ་ཕྱོགས་ནས་སྙན་ངག་མ་ཐོས་ལ་སྙན་ངག་ལ་རྒྱུས་ལོན་བྱུང་མེད་པ་དང་རང་ཉིད་དང་སྙན་ངག་གི་འབྲེལ་བ་མ་བསམས་པས། ན་གཞོན་དག་གི་མགོ་ལ་སྐྲ་ལོ་བཞག་ཡོད་ནའང་དེས་གྱེར་བའི་སྙན་ངག་མ་ཐོས་ཤིང་སྙན་ངག་ལས་མི་རིགས་ཀྱི་ལ་རྒྱ་གླེང་ནའང་དེ་དང་སྙན་ངག་གི་འབྲེལ་བ་ལ་མ་བསམས་པས་ལམ་ལོག་ཏུ་འགྲོ་བའི་ཉེན་ཚབས་ཆེ་བ་རེད། དེ་ལྟར་བསམས་ཚེ་རང་ཉིད་ཀྱི་ཁྲག་དྲོན་དུ་རྒྱུ་བ་ནི་སྙན་ངག་ཡིན་ལ་ཨ་མའི་མིག་མདངས་སུ་འཕྱོ་བ་བརྩེ་དུང་ཡིན། ཐ་ན་གཡང་དཀར་གྱི་འབའ་སྒྲ་ཞིག་ནའང་ལྷུང་ལྷུང་དུ་རྒྱུ་བའི་རེ་ཉག་གི་རྦ་རླབས་ཤིག་འཕྱོ་བཞིན་འདུག་ན་ཡང་། ང་ཚོས་སྙན་ངག་གི་བརྩེ་དུང་གཞོན་ནུ་མ་ལས་བཙལ་ཅིང་སྙན་ངག་གི་བགྲོད་ལམ"ཏི་སི་ཁོ"ལ་བརྗེས་པའི་འདུན་པ་འདི་ཇི་འདྲའི་སྐྱོ་ཨང་། འདི་ལྟ་བུའི་བསམ་ཚུལ་དང་ཚད་གཞི་ལས་རྟག་ཏུ་གཞན་ལ་སྨོན་ནའང་རེ་སྨོན་གྱིས་བསླུས་པའི་ཤུལ་རྗེས་ནས་ཁ་ཕྱིར་འཁོར་ཏེ་སྡུག་ཡུས་འདོན་དགོས་པ་སུས་ཀྱང་དོ་སྣང་བྱེད་བཞིན་མེད་པ་འདྲ།  

མཇུག་གི་གཏམ།  

    སྙན་ངག་གི་གནད་དོན་འགའ་ཤས་གླེང་ནས་མཇུག་བསྡུས་མོད། ད་དུང་སྙན་ངག་ཁྲོད་ཀྱི་མི་གཤིས་རིག་པ་དང། སྙན་ངག་གི་གསང་བ། གསར་རྙིང་བར་གྱི་གཏན་ཚིགས་སོགས་འབྲི་དགོས་པ་མང་བོ་ཞིག་ད་དུང་འབྲི་རྒྱུ་ལུས་པ་འདྲ། ཡིན་ནའང་། མི་ཞིག་གི་མཐོང་རྒྱ་ནི་ཁབ་ཅིག་གི་བུ་གའི་དཔེ་བཞིན་བདེན་དོན་མོད་པ་ཞིག་གཏན་ནས་མིན་ ཕྱིར་རེ་ཞིག་ཆོག་ཤེས་བསྟེན་ན་ཡང་། གོང་དུ་བརྗོད་པའི་ཚན་པ་དགུ་བོ་ནི་མཁས་པའི་གཞུང་ལུགས་ལ་མ་བརྟེན་པར་རང་གི་མྱོང་བ་དང་ངོས་འཛིན་གཞིར་བཞག་པས་ལོག་བཤད་དང་ཉོག་བཤད་སྲིད་པར་སྨོས་མ་དགོས་ནའང་། སྙན་ངག་ལ་ཞེན་པ་བདག་ལ་མཚོན་ན་འདི་ལས་ལྷག་པའི་སེམས་གཏམ་མེད་ཕྱིར་མཁྱེན་ཡངས་ཀྱི་གྲོགས་པོ་དག་གིས་མཐོང་ཆུང་མེད་པར་དགག་གཞག་དང་དཔྱད་བརྗོད་ཀྱིས་བོད་ཀྱི་སྙན་གཞུང་ཐུན་མོང་མ་ཡིན་པ་ཞིག་གི་སྔོན་འགྲོར་ཐུན་མོང་གི་ནུས་པ་དང་ལྟ་བ་གཅིག་ཏུ་བསྣམས་པའི་རེ་བ་སྙིང་ཐག་པ་ནས་ཞུའོ། །  

 

 

关闭窗口
 
访问量人数:

 

甘肃民族师范学院  版权所有