藏学院
 学校首页  本站首页  学科建设  教学科研  师资队伍  党建工作  组织机构  藏学研究  藏族文化  规章制度 
师资队伍
师资队伍
您的位置: 本站首页>师资队伍>正文
༄༅། ། རྒྱལ་ཁབ་ཨང་རིམ་གཉིས་པའི་སློབ་དཔོན་ཆེན་མོ་ཀླུ་ཚང་རྡོ་རྗེ་རིན་ཆེན་མཆོག་མཚམས་སྦྱོར་རགས་བསྡུས།
2017-08-07 10:24  

 

༄༅།  

།  རྒྱལ་ཁབ་ཨང་རིམ་གཉིས་པའི་སློབ་དཔོན་ཆེན་མོ་ཀླུ་ཚང་རྡོ་རྗེ་རིན་ཆེན་མཆོག་མཚམས་སྦྱོར་རགས་བསྡུས། 

 

 

འདིར་གླེང་བར་བྱ་བ་ནི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་རྣམ་དཔྱོད་ཀྱི་འཇུག་པ་ཡངས་ཤིང་གཞན་དྲངས་མི་འཇོག་པའི་མཁྱེན་རབ་ལྡན་པ།བོད་ཀྱི་དེང་རབས་སློབ་གསོ་བ་དང་རྩོམ་པ་བོ་གྲགས་ཅན། 

ཀན་སུའུ་ཞིང་ཆེན་ཀན་ལྷོའི་ནོར་འཛིན་ཕྱུག་མོར་ལྟེ་ཁྲག་འཕོས་ཤིང་འཚར་ལོངས་བྱུང་བའི་ཁ་གྱའི་ཀླུ་ཚང་རྡོ་རྗེ་རིན་ཆེན་ནམ་རྡོར་ཕྲུག་ནི། 

མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སའི་ཆར་གཏོགས་ད་ལྟའི་གཙོས་གྲོང་ཁྱེར་ཁ་གྱ་སྟོད་རི་རྒྱལ་ཨོ་བརྟན་སྡེ་བར་ཕ་ཀླུ་ཚང་སྟག་ལྷ་དང་། 

མསྔོ་ཁྱུག་དཔོན་ཚང་ཀླུ་མོ་འཚོ་གཉིས་ཀྱི་བུ་རུ་རབ་བྱུང་བཅུ་དྲུག་པའི་མེ་མོ་བྱ་སྟེ་སྤྱི་ལོ་༡༩༥༧ལོར་སྐྱེས། 

ཁོང་གཞོན་ནུའི་དུས་ནས་རིག་གནས་སྦྱོང་བར་དོན་གཉེར་ཆེ་ཞིང་། 

ཕོ་ལོ་བཅུ་བདུན་ཏེ་སྤྱི་ལོ་༡༩༦༤ལོར་ཀན་ལྷོ་ཁུལ་མི་རིགས་སློབ་གྲྭར་འགྲིམ་པའི་སྐལ་བ་ལྡན། 

སྔ་རྗེས་སུ་གངས་ཅན་མཁས་པའི་ཁྱུ་མཆོག་ལྔ་རིག་སྨྲ་བའི་དབང་བོ། 

༧བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་དཔལ་བཟང་བོ་དང་། 

རིག་པའི་གནས་ལྔ་ལ་ཐོག་པ་མེད་པ། བླ་བྲང་དྲུང་ཡིག་ཆེན་མོའམ་སྨྱུག་འཛིན་མཁན་པོ་སྨོན་ལམ་རྒྱ་མཚོ་ཚང་དང་། 

གངས་ཅན་མདོ་སྔགས་རིག་གནས་ལ་གཞན་དྲང་མི་འཇོག་པ་ལྷག་པར་ཏུ་གནམ་རིག་སྐར་རྩིས་ཕྱོགས་ལ་སྨྲ་བའི་འབབ་སྟེགས་ཡངས་པའི་དགེ་བའི་བཤེས་གཉེན་ཆེན་པོ་བསམ་འགྲུབ་རྒྱ་མཚོ་སོགས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དམ་པ་དུ་མའི་ཞབས་པད་བསམ་སྦྱོར་གཉིས་ཀྱི་སྒོ་ནས་སྤྱི་བོའི་ཅོད་པན་དུ་བསྟེན་ཏེ་ཕྱི་ནང་གི་རིག་པའི་གནས་མཐའ་དག་ལ་ཐོས་བསམ་གང་ལེགས་མཛད། 

སྒོས་སུ་གཞན་ཕན་སྣང་བ་འབུམ་གྱི་བདག་ཉིད་ཆེན་པོ་སྨོན་ལམ་རྒྱ་མཚོ་བདེ་བཤེགས་ཚང་ཡུན་རིང་དུ་བསྟེན་ཏེ་སུམ་རྟགས་དག་གསུམ་དང་། 

སྙན་ངག་སྐར་རྩིས། 

རྩོམ་རིག་ལོ་རྒྱུས། 

བསྡུས་གྲྭ་སོགས་ཐུན་མོང་གི་རིག་གནས་ཁག་ལ་གསན་སྦྱོང་རྒྱ་ཆེར་ཐུག་པ་མཛད་པའི་ཞར་དུ་ཀུན་མཁྱེན་གཉིས་པ་ཆེན་པོའི་སྐུ་རིང་ནས་དར་འཕེལ་བྱུང་ཞིང་དཔང་ལོ་ཆེན་པོ་ནས་བརྒྱུད་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡི་གེའི་ཁྲིད་རྒྱུན་ཁྱུང་བོ་གཡུ་ཁྲིའི་ཕྱག་བྲིས་ཀྱི་རི་མོའི་བཀྲག་མདངས་མ་ཉམས་པ་དབུ་ཅན་གྱི་ཡིག་གཟུགས་དང་། 

གཙང་གི་འབྲི་རྒྱུན་དབུ་མེད་འབྲུ་ཆེན་བྲིས་རྙིང་།ལཉྫ། ལྭརྟུ་བཅས་ཀྱི་ཐིག་དང་ཕྱག་ལེན་ལ་འབྱོངས་པར་བསླབས་ཤིང་། 

དེ་ནས་ལྷན་སྐྱེས་ཀྱི་རྣམ་དཔྱོད་དང་། ཁྱད་དུ་འཕགས་པའི་བརྩོན་འགྲུས་ཀྱི་གོ་ཆ་བརྟན་པོ་ཟུང་དུ་སྦྲེལ་བའི་མཐུ་ལས་རིག་པའི་གནས་ལ་མཁས་པའི་རྒྱལ་ཐབས་བདག་གིར་བཞེས་ཏེ་དགུང་ལོ་བཅུ་དགུ་བ་མེ་ལུག་སྟེ་སྤྱི་ལོ༡༩༧༦ལོ་ནས་གཡུར་ཟའི་འབྲས་བུ་ཐོབ་པ་དང་བཅས་སློབ་མཐར་ཕྱིན།གཞོན་ནུ་དོན་གཉེར་ཅན་དུ་མའི་ཚོགས་ལས་གཟེངས་སུ་ཐོན་པས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་དང་ལོ་ཙྰའི་ཕྱག་ལས་གནང་བའི་འགན་འཁྲི་ཕྲག་ཏུ་བཞེས། 

སྐབས་དེར། ཁོང་ཉིད་ལ་ཕྱག་ལས་སྣ་མང་གིས་བྲེལ་ཡང་ལས་བཅོལ་ཁུར་བཞེས་མཛད་ནས་མདོ་སྨད་ཆོས་འབྱུང་དང་། 

བཀའ་ཆེམས་ཀ་ཁོལ་མ། 

བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན། 

ཅོ་ནེའི་བསྟན་འགྱུར་དཀར་ཆགགྲུབ་མཐའ་རིན་ཆེན་ཕྲེང་བ། 

བོད་རྒྱ་ཚིག་མཛོད་ཆེན་མོ། 

ཀུན་མཁྱེན་སྐུ་རབས་གཉིས་དང་། 

ལྕང་སྐྱ་རོལ་བའི་རྡོ་རྗེ། 

གུང་ཐང་བསྟན་པའི་སྒྲོན་མེ་བཅས་ཀྱི་རྣམ་ཐར་སོགས་དཔེ་རྒྱུན་གང་དཀོན་མང་བོ་ལྕགས་པར་དུ་འདེབས་པའི་རྩོམ་སྒྲིག་དང་ཞུ་དག་སོགས་ཀྱི་འགན་གཅིག་ལྕོགས་སུ་འཁུར།སྤྱི་ལོ༡༩༨༥ལོར་ནུབ་བྱུང་མི་རིགས་སློབ་གླིང་གི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་།དེ་ནས་ཀྱང་བོད་རྒྱའི་སློབ་དཔོན་བཀའ་དྲིན་ཅན་རྣམས་དང་། ལྷག་པར་དུ་བོད་གངས་ཅན་ཕྱི་ནང་གི་རིག་པའི་གནས་མཐའ་དག་ལ་མངའ་དབང་འབྱོར་བའི་སྨྲ་བའི་སྐྱེས་མཆོག་ཆེན་པོ་དམ་པ་ཚེ་ཏན་ཞབས་དྲུང་།དམུ་དགེ་བསམ་གཏན། བསམ་འགྲུབ་རྒྱ་མཚོ། རྡོ་རྗེ་རྒྱལ་བོ། མཁྱེན་རབ་འོད་གསལ། 

གཟན་དཀར་བ་ཐུབ་བསྟན་ཉི་མ། བསོད་ནམས་སྟོབས་རྒྱལ། ཀྲང་ཡིས་ཤིན།ཧོང་རྨིན་ཞིན། དོར་ཞི་གདོང་དྲུག་སྙེམས་བློ། 

དཔའ་རིས་སངས་རྒྱས་སོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞི་ན་བསྟེན་ནས་བོད་རྒྱའི་རྩོམ་རིག་གི་གཞུང་ལ་སྦྱངས་པ་མཐར་ཕྱིན་པ་བྱས།སྐབས་དེ་ནས་བཟུང་། བོད་ཀྱི་རིག་གནས་བཅུའི་སྤྱི་ཁོག་དང་ལེགས་སྦྱར་གྱི་སྒྲ་གཞུང་། ཚད་མ་རིག་པ།བཟོ་རིག་པ། གནམ་རིག་སྐར་རྩིས། སྙན་ངག་ལ་སོགས་ཤེས་པར་བྱ་བའི་གནས་ལ་བག་ཆགས་ཙམ་མ་ཡིན་པར་སྦྱངས་པ་གནད་སྨིན་བྱས། 

ཞར་དུ་ཁོང་གིས་བརྩམས་པའི་བོད་ཀྱི་རྩོམ་རིགས་རྣམ་བཞག་ཅེས་པ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཞིབ་འཇུག་སློབ་མའི་རམས་འབྱམས་དམ་བཅའ་འཇོག་སྐབས་ཀྱི་མཐར་ཕྱིན་དཔྱད་རྩོམ་དུ་ཕུལ།སྤྱི་ལོ༡༩༨༨ལོར་སློབ་མཐར་ཕྱིན་ནས་བོད་སྐད་ཡིག་དང་རྩོམ་རིག་གི་རམ་འབྱམས་པའི་ཐོབ་ཐང་བླངས།ལོ་དེར་རྒྱལ་ཁབ་མི་རིགས་དོན་གཅོད་ཡུ་ཡོན་ལྷན་ཁང་གིས་ཆེད་མངགས་ལྟར། གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་བྱ་བ་བགོས་ཤིང་།སྔ་གཞུག་ཏུ་འདི་ག་སློབ་གྲྭའི་རིག་གཞུང་དུས་དེབ་རྩོམ་སྒྲིག་ཁང་དང་། སློབ་དོན་ཁྲུའུ།བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་། ཚན་དཔྱོད་ཁྲུའུ་སོགས་སུ་ཕྱག་ལས་གནང་། ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་དང་རྒྱལ་ཡོངས་ཀྱི་མི་རིགས་གནའ་རྩོམ་གཞུང་ལུགས་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།ནུབ་བྱང་དགེ་འོས་སློབ་ཆེན་གྱི་གདན་ཞུས་དགེ་རྒན་ཆེན་མོ། ཀན་སུའུ་ཞིང་ཆེན་བོད་ཀྱི་ཤེས་རིག་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ཚོགས་མི།ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་ཚན་དཔྱོད་དོ་དམ་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ཚོགས་མི།ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་དུས་དེབ་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ཚོགས་མི་སོགས་ཀྱི་མཚན་གནས་བཞེས་ཡོད།ཁོང་ནི་འདི་ག་སློབ་གྲྭའི་བོད་སྐད་ཡིག་དང་རྩོམ་རིག་གི་དགེ་རྒན་ཆེན་མོ་ཡིན་ཞིང་། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་བོད་ཀྱི་གནའ་དཔེ་རྩོམ་རིགས་ཡིན།༢༠༠༣ལོ་ནས་བཟུང་ནུབ་བྱང་དགེ་འོས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན་གྱི་འགན་བཞེས་པ་མ་ཟད།ད་དུང་རྒྱལ་ཁབ་ཀྱི་ཨང་རིམ་གཉིས་པའི་སློབ་དཔོན་ཆེན་མོའི་གོ་གནས་ཐོབ། ཁོང་ནི་དུས་དང་རྣམ་པ་ཀུན་ཏུ་སྤྱི་དོན་ཁུར་དུ་བཞེས་ཤིང་བརྩོན་པ་ལྷུར་བཞེས་གནང་མཁན་ཞིག་ཡིན་པ་མ་ཟད།མཁས་པའི་སྒྲོབ་ཉམས་དང་གཡོ་སྒྱུའི་ཚུལ་འཆོས་སྤུ་ཙམ་ཡང་མེད་པར་ཐུགས་རྒྱུད་རབ་ཏུ་བཟང་ཞིང་གཞན་ཕན་གྱི་དགོངས་པ་རྒྱ་ཆེན་པོས་མི་རིགས་རང་ཉིད་ཀྱི་མི་རབས་རྗེས་མ་རྣམས་ལ་ལྷག་བསམ་རྣམ་དག་གིས་སློབ་སྟོན་མཛད་པར་ངལ་བ་འཛེམས་མེད་ཀྱིས་ཐུགས་སྟོབས་ཡོད་ཚད་འདོན་མཁན་ཞིག་ཡིན་པས།རྒྱལ་ཁབ་དང་ཞིང་ཆེན། ཁུལ་རིམ་པའི་གཟེངས་བསྟོད་ཐེངས་མང་བོ་ཐོབ་ཅིང་ཆོ་ལོའང་མང་པོ་བསྩལ་ཡོད།སྤྱི་ལོ༡༩༩༢དང་༡༩༩༧ལོར་སྔ་ཕྱིར་ཀན་སུའུ་ཞིང་ཆེན་གྱི་གྲུབ་འབྲས་གཟེངས་ཐོན་ཅན་གྱི་ན་གཞོན་དགེ་རྒན་གྱི་མཚན་སྙན་ཐོབ།སྤྱི་ལོ༡༩༩༨ལོར་འདི་ག་སློབ་གྲྭའི་ཐེངས་དང་པོའི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་རྐང་འཛིན་དགེ་རྒན་དུ་བདམས།སྤྱི་ལོ༢༠༠༠ལོར་འདི་ག་སློབ་གྲྭའི་རིག་གཞུང་སྣེ་འཁྲིད་པར་བདམས། 

ཁོང་གིས་སྔ་ཕྱིར་བོད་ཀྱི་རྩོམ་རིགས་རྣམ་བཞག 

ས་སྐྱ་གོང་མ་རྣམ་ལྔའི་གསུང་རྩོམ་ཕྱོགས་བསྒྲིགས་པོད་བཞི་ཅན་སོགས་གནའ་དཔེ་གྲགས་ཅན་དུ་མའི་རྩོམ་སྒྲིག་བྱ་བའི་འགན་འཁུར། 

ཀྲུང་གོའི་བོད་བརྒྱུད་ནང་བསྟན་དགོན་པའི་དཀར་ཆག་ལས་ཀན་སུའུ་གླེགས་བམ་ཞེས་བྱ་བ་གསར་རྩོམ་བྱས། 

ཨ་བློ་སྐུ་མཆེད་ཀྱི་རྣམ་ཐར། 

བླ་བྲང་གདན་རབས་ལྷའི་རྔ་བོ་ཆེ། 

བཞད་སློང་བྱིས་པའི་འཛུམས་གྲོལ། 

རྨོངས་དད་སེལ་བའི་གཏམ་རྒྱུད། 

བཅས་སོ་སོ་རྒྱ་བོད་ལོ་ཙའི་རིག་གནས་ཡར་རྒྱས་གོང་འཕེལ་གཏོང་བའི་ཐད་ལ་ལག་རྗེ་མི་དམན་པ་བཞགད་དུང་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་དུས་དེབ་མི་ཉུང་བ་ཞིག་གི་སྟེང་དུ་རིན་ཐང་ལྡན་པའི་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ་ཅིང་དཔྱད་རྩོམ་རེ་གཉིས་ལ་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་ཤེས་རིག་ཞིབ་འཇུག་མཁན་ཚོས་བསྔགས་བརྗོད་དང་གདེང་འཇོག་གང་ལེགས་གནང་། 

སྤྱི་ལོ༢༠༠༧ལོར་ཁོང་གིས་ཡར་ཞུ་བྱས་པའི་ 

བོད་ཀྱི་དུས་རབས་རིམ་བྱུང་གི་གནའ་དཔེ་གཅེས་བསྡུས་ཀྱི་གློག་རྡུལ་ཡིག་མཛོད་སྒྲིག་བཟོ་དང་དེའི་ཞིབ་འཇུག་ཅེས་པར་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཐེབས་རྩའི་ནུབ་རྒྱུད་ཚན་རིག་ཞིབ་འཇུག་ལས་གཞིའི་ཆོག་མཆན་ཐོབ་སྟེ། 

སྤྱི་ལོ༢༠༡༢ལོའི་ཟླ༡༠བར་ལས་གཞི་འདིར་རྒྱལ་ཁབ་རིམ་པའི་ཕུལ་བྱུང་བྱ་དགའ་ཐོབ་ཞིང་རྨང་གཞི་དེའི་སྟེང་ནས་ཉེ་ཆར་བོད་ཡིག་གི་བཀའ་བསྟན་འགྱུར་ཀྱི་པར་གཞི་སྣ་བཅུ་གྲངས་ཀྱི་གློག་རྡུལ་ཡིག་མཛོད་སྒྲིག་བཟོ་དང་དེའི་ཞིབ་འཇུག་ཅེས་པ་སྤྱི་ལོ༢༠༡༣ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་བྱ་བཞག་གི་འགག་སྒྲོལ་རྣམ་གྲངས་གལ་ཆེན་གྱི་གྲས་སུ་བཞགསྤྱི་ལོ༢༠༡༥ལོར་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚན་ཧྲི་ཞེས་པའི་ཆོ་ལོ་བསྩལ། 

ཉེ་བའི་ལོ་འགའིརིང་ལ་ཁོང་གིས་འབད་པ་རང་ལ་བསྟེན་ནས། ཀྲུང་ཧྭ་མཛད་ཆེན་བོད་བསྒྱུར་ས་ཚིགས་དང་ཀན་སུའུ་ཞིང་ཆེན་བོད་ཡིག་དཔེ་རྙིང་ཡིག་ཆ་རྩོམ་སྒྱུར་ལྟེ་གནས་སོགས་ཁྲུའུ་རིམ་པའི་སྡེ་ཁག་ལྔ་ལས་གྲུབ་པའི་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་སྡེ་ཁག་ཆེན་པོ་ཞིག་གསར་དུ་བཙུགསཤིང་།མཁས་པའི་དབང་བོ་བསེ་རྡོ་རྗེ་འཆང་གི་ཐུགས་འདུན་ལྟར་སྡེ་ཁག་གི་མིང་ལ་བོད་ཀྱི་ཤེས་རིག་འཕེལ་རྒྱས་གླིང་ཞེས་བཏགས།ཞར་དུ་འདི་ག་སློབ་གླིང་གི་གླིང་གཙོའི་འགན་ཁུར་བཞིན་མཆིས་སོ།  

 

 

 

 

ཁོང་གིས་ཉེ་བའི་ལོ་འདིའི་ནང་སྒྲུབ་པའི་བྱ་བཞག་གལ་ཆེན་སྐོར་ནི་གཤམ་གསལ། 

 

 

 

 

༡ རྒྱལ་ཁབ་མི་རིགས་རིག་གནས་འཛུགས་སྐྲུན་གྱི་བྱ་བའི་རྣམ་གྲངས་ཆེན་པོ་ལས་བོད་ཀྱི་ལོ་རྒྱུས་དང་སྲོལ་རྒྱུན་རིག་གནས།འཇུ་མི་ཕམ་དགེ་ལེགས་རྣམ་རྒྱལ་རྒྱ་མཚོ་སོགས་སྔོན་བྱོན་མཁས་པ་གྲགས་ཅན་དག་གི་གསུང་འབུམ་དེབ་གྲངས་༩༥ལྷག་གི་ཞུ་དག་དང་རྩོམ་སྒྲིག་བྱ་བའི་གཙོ་འགན་བཞེས། 

 

 

 

 

༢ རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་འགངས་ཆེན་ལས་གཞིའི་ནང་གི་བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་རིག་བརྩམས་ཆོས་གཅེས་བཏུས་གློག་རྡུལ་ཡིག་མཛོད་དུ་འཁོད་ཅིང་དཔྱད་ཡིག་འཛུགས་སྐྲུན་གྱི་བྱ་བའི་ལས་འགན་བཞེས་ཤིང་ཡོངས་སུ་ལེགས་འགྲུབ་བྱུང་བ། 

 

 

 

 

༣ ༧བསེ་མཆོག་སྤྲུལ་དྲུག་པ་ཆེན་པོའི་གསུང་རྩོམ་ཕྱག་བསྟར་མ་རིན་བྲལ་མུ་ཏིག་ཕྲེང་བ་ཞེས་བྱ་བ་དེབ་བཅུ་ཅན་གྱི་རྩོམ་ཞུས་གཙོ་སྒྲིག་སོགས་ཀྱི་འགན་འཁུར་ཅིང་ལེགས་གྲུབ་བྱུང་བ། 

 

 

 

 

༤ 

༧བསེ་མཆོག་སྤྲུལ་དྲུག་པ་ཆེན་པོའི་གསུང་འབུམ་ལས་དེབ་༡ནས་༧བར་རྒྱ་ཡིག་ཏུ་འདེམས་བསྒྱུར་བྱས་ཤིང་པར་དུ་སྐྲུན་པར་གཙོ་སྒྲིག་གི་འགན་འཁུར་ཅིང་ལེགས་གྲུབ་བྱུང་བ། 

 

 

 

 

༥ ཀྲུང་གོའི་བོད་བརྒྱུད་ནང་བསྟན་དགོན་པའི་ལོ་རྒྱུས་དང་གནས་སྟངས་ཞིབ་འཇུག་ཀན་སུའུ་དེབ་ཅན་ཞེས་བྱ་བར་མཉམ་རྩོམ་གྱི་གྲས་སུ་ཞུགས་ཤིང་པར་དུ་བསྐྲུན་པ་མ་ཟད་སྐབས་བཅུ་གཉིས་པའི་ཀན་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། 

 

 

 

 

༦ 

ཀན་སུའུ་ཞིང་ཆེན་མི་རིགས་རིག་གནས་འཛུགས་སྐྲུན་གྱི་རྣམ་གྲངས་གཙོ་གནད་ཅན་ལས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚད་ལྡན་ཡིག་ཚགས་ཕྱོགས་བསྒྲིག་དང་ཞིབ་འཇུག་བྱ་བའི་གཙོ་འགན་འཁུར་བཞིན་མཆིས་སོ།།  

 

 

 

 

 

 

 

 

 

关闭窗口
 
访问量人数:

 

甘肃民族师范学院  版权所有