藏学院
 学校首页  本站首页  学科建设  教学科研  师资队伍  党建工作  组织机构  藏学研究  藏族文化  规章制度 
藏族文化
藏族文化
您的位置: 本站首页>藏族文化>正文
༄༅།། ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་ཡིག་རྡོ་རིང་མཚམས་སྦྱོར།
2016-07-22 16:57  

 

 

གཅིག  ཧི་མ་ལ་ཡའི་བོད་ཡིག་རྡོ་རིང་།
ཧི་མ་ལ་ཡའི་བོད་ཡིག་རྡོ་རིང་ནི་ཁུ་ནུ་སྤུའི་ཡུལ་དུ་ཡོད་པའི་བོད་ཡིག་གི་རྡོ་རིང་ཞིག་ཡིན་ལ།རྡོ་རིང་དེ་ནི་སྤྱི་ལོ༡༠༢༨ལོར་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་དུས་སུ་བཞེངས་པར་བཤད།སྤུའི་ཡུལ་དུ་གཞན་ཡང་ལྷ་བཙུན་བྱང་ཆུབ་འོད་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་སྐུ་དུས་སུ་བཞེངས་པའི་ལྷ་ཁང་གཅིག་ཀྱང་ཡོད།རྡོ་རིང་གི་མདུན་ངོས་སུ་ལོ་རྒྱུས་ཀྱི་ཡི་གེ་དང་།རྡོ་རིང་གི་རྒྱབ་ངོས་སུ་མཆོད་རྟེན་གྱི་རི་མོ་དང་ཅོ་པན་གྱོན་པའི་རྒྱ་གར་རྒྱལ་པོའི་ཆ་ལུགས་ཅན་གྱི་ལྷ་ཁ་ཤས་བཅས་བརྐོས་འདུགརྡོ་རིང་གི་མདུན་ངོས་སུ་བསྡོམས་པས་བོད་ཡིག་ཡིག་ཕྲེང་བཅུ་གཅིག་ཡོད་ཀྱང་།མང་ཤོས་ལ་སྐྱོན་བྱུང་ནས་ད་ལྟ་ང་ཚོས་ངོས་མི་ཟིན་པར་གྱུར་ཡོད།བོད་ཀྱི་རྡོ་རིང་ཞིབ་འཇུག་གི་ཐད་ནས་བཤད་ན་རྡོ་རིང་འདི་ནི་ཧ་ཅང་རྩ་ཆེན་ཞིག་ཡིན་ནའང་།ད་སྔའི་རྡོ་རིང་ཞིབ་འཇུག་པ་ཚོས་བོད་ཡིག་རྡོ་རིང་འདིའི་སྐོར་ཤེས་ཚོར་གང་ཡང་བྱུང་མེད།འདི་ནི་བོད་རིག་པའི་རྡོ་རིང་ཞིབ་འཇུག་གི་ཞན་ཆར་གཏོགས་སོ།།

གཉིས།   རྡོ་རིང་གི་ངོ་བཤུས་དང་ནང་དོན་མཚམས་སྦྱོར།
༡། རྡོ་རིང་གི་མ་ཡིག་ངོ་བཤུས།
༡ ༄།། དཔལ་ལྷ་བཙན་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་རིང་།
༢ ལ་བསྟན་པ་དརད་ xx མཛད་དཀོན་མཆོག་དབུ xxx
༣ བསྟོད་ལྷ་ཆོས་མི་ཆོས་ཀྱི་རྩེར་ཆབ་མངའ་ཐང་རྒྱས་པ་ན་དེ།
༤ ༄།། འབྲུག་གི་ལོ་དགུན xx པའི་ངོ་ལ།། དཔལ་ལྷ
༥ བཙན་པོ་ལྷ་སྲས xxxxxxxx ར་ཛའི་ཕོ་བྲང་།
༦ སྤུར་ཕེབས་ཡུལ xxxxxxx བྱར་ཆོས་པ།
༧ དཀོན xxxxxx ཆ༼མཆོག༽ ཀ ས་ཀྱིས་དཀོར།
༨། ཁང་པ xxxxxxxxxxxxx ཁང་ལ།
༩ བསྔོས xxxxxxxxxxxxxx ས་ཀྱིས།
༡༠ བཞེངས xxxx
༡༡ xx xxx

 

༢། རྡོ་རིང་གི་ནང་དོན་མཚམས་སྦྱོར།
གོང་གི་མ་ཡིག་ལ་གསལ་བ་ལྟར།རྡོ་རིང་གི་ནང་དོན་ནི་སྐབས་དེར་ཁུ་ནུ་སྤུའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་པ་དང་དཀོན་མཆོག་གསུམ་གྱི་དབུ་འཕངས་བསྟོད་པ།དེ་བཞིན་ལྷ་ཆོས་དང་མི་ཆོས་ཀྱི་ཆབ་འབངས་མངའ་ཐང་རྒྱས་པ་བཅས་ཀྱི་ཆེད་དུ་ཡིན་པ་གསལ་བོ་རེད།དེ་ཡང་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྤུའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་ཆེད་རང་གི་སྲས་ནཱ་ག་རཱ་ཛ་དང་དེ་བ་རཱ་ཛ་གང་རུང་ཞིག་སྤུ་ལ་བཏང་ཡོད་པ་ཡང་རྡོ་རིང་གི་ཡིག་ངོས་སུ་གསལ་ཡོད།ཡང་ཞིབ་འཇུག་པ་ལ་ལས་སྐབས་དེར་ལྷ་བླ་མས་རྒྱ་གར་ནས་ཇོ་བོ་རྗེ་སོགས་པཎྚི་ཏ་བོད་ལ་གདན་འདྲེན་པའི་ཆེད་དུ་རང་གི་སྲས་རཱ་ཛ་རྒྱལ་པོའི་བཀའ་བཞིན་སྤུའི་ཡུལ་དུ་གསེར་འཚོལ་དུ་བཏང་ནས་རྡོ་རིང་འདི་ཉིད་བཞེངས་པར་བཤད་ཀྱང་།ད་ལྟ་ང་ཚོས་མཐོང་དུ་ཡོད་པའི་རྡོ་རིང་གི་ཡིག་ངོས་སུ་དེ་མཐུན་གྱི་ནང་དོན་ཅི་ཡང་རྙེད་རྒྱུ་མེད་པས་དེ་ཙམ་གྱི་དཔྱད་རིན་མེད་པར་འདོད

 

གསུམ།      རྡོ་རིང་གི་རིན་ཐང་སྐོར།
ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་དུས་སུ་བོད་དང་ཧི་མ་ལ་ཡའི་རི་རྒྱུད་དུ་སྔགས་དང་ཆོས་ལོག་གི་དུས་ཟིང་ཧ་ཅང་འཁྲུག་པའི་དུས་སྐབས་ཤིག་ཡིན་ལ།ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ནུས་ཤུགས་གང་ཡོད་ཀྱིས་རྒྱ་གར་ནས་ཇོ་བོ་རྗེ་སོགས་པཎྚི་ཏ་མང་པོ་བོད་ལ་གདན་དྲངས་ནས་བསྟན་པ་ལ་དག་ཐེར་མཛད་ཡོད།དེ་མཚུངས་སུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སངས་རྒྱས་བསྟན་པའི་ཉམས་ཆག་ལ་བློས་མ་བཟོད་པར་སྤུའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་སླད་རང་གི་སྲས་རཱ་ཛ་ཆེད་དུ་མངགས་གཏོང་དང་།རྡོ་རིང་བཙུགས་གནང་མཛད་པ་ནི་རིག་གནས་དང་ལོ་རྒྱུས་གང་གི་ཕྱོགས་ནས་བསམ་ཡང་ཤིན་ཏུ་རིན་ཐང་ལྡན་པ་འབའ་ཞིག་གོ།

 


 

 

关闭窗口
 
访问量人数:

 

甘肃民族师范学院  版权所有